ཌལ་ཧོར་ནས་ཅམ་པ་བར་ཞི་བའི་གོམ་བགྲོད།
དེ་ཡང་གོང་གསལ་ཟླ་ཚེས་ཉིན་ཞོགས་པ་ཆུ་ཚོད་༨།༣༠ ཙམ་ལ་ཌལ་ཧོར་ས་གནས་ཀྱི་གྷན་དྷེ་ཅོག་ནས་འགོ་འཛུགས་བྱས་ཡོད་པ་དང། སྐབས་དེར་ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་དང་ཌོར་ཊར་དྷི་ལེན་མཆོག་གིས་གོམ་བགྲོད་འགོ་འཛུགས་ཀྱི་དབུ་འབྱེད་གནང་ཡོད་པ་རེད། གོམ་བགྲོད་དེ་ལྟར་བྱེད་དགོས་དོན་ནི་ད་ལྟའི་ཆར་མདོ་སྨད་རྔ་པ་ཀིརྟི་དགོན་པའི་གྲྭ་མང་རྣམས་ཀྱིས་གཙོས། རྒྱ་དམར་གཞུང་གིས་བོད་ས་སྟོད་སྨད་བར་གསུམ་ཚང་མར་དྲག་གནོན་དང་མནར་གཅོད་སྣ་ཚོགས་གཏོང་བཞིན་ཡོད་པ་དང། ཛ་དྲག་གི་གནས་སྟངས་དེ་ལས་སྐྱོབ་ཆེན་དུ་ས་གནས་ཡུལ་མི་རྣམས་ལ་བོད་དོན་ཁྱབ་བསྒྲགས་དང། རྒྱབ་སྐྱོར་ཐབས་འཚོལ་ཆེད་གོམ་བགྲོད་དེ་གོ་སྒྲིག་བྱས་པ་ཡིན་འདུག གོམ་བགྲོད་དུ་ཕེབས་བཞིན་པའི་སྐབས་སུ་ས་གནས་ཡུལ་མི་རྣམས་ལ་བོད་དོན་ཁྱབ་བསྒྲགས་སོགས་ཀྱི་ཡིག་ངག་གཉིས་ཐོག་ནས་འགྲེལ་བཤད་ཞུས་ཡོད་པ་མ་ཟད། ཅམ་པ་རྫོང་གི་རྫོང་དཔོན་མཆོག་ལ་དམིགས་བསལ་བོད་དོན་སྐོར་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་སྙན་ཞུ་ཞིག་ཀྱང་ཕུལ་ཡོད་འདུག ཞི་བའི་གོམ་བགྲོད་དེ་ནི་ས་གནས་གཞུང་གི་ཆོག་མཆན་བཀའ་འཁྲོལ་དང་སྦྲགས་ལས་འགུལ་སྤེལ་བ་ཞིག་ཡིན་པ་དང། གོམ་བགྲོད་དུ་ཕེབས་མེད་པའི་བོད་མི་རྣམས་ཀྱིས་ས་གནས་རང་ནས་ཆོས་ཕྱོགས་ཀྱི་སྨོན་ལམ་གསོག་སྒྲུབ་སོགས་བྱས་ཡོད་ཚུལ་ས་གནས་ནས་ས་འཐུས་ཚོགས་གཙོ་པདྨ་གྲུབ་དབང་ལགས་ནས་འགྲེལ་བརྗོད་གནང་སོང།།