བཙན་བྱོལ་བོད་མིའི་སྒྲིག་འཛུགས་སུ་བསྒྱུར་ན་དཔྱ་ཁྲལ་སྤྲད་རྒྱུ་མིན།
ཟླ་འདིའི་ཚེས་༢༡ ཉིན་དྷ་ས་མེག་གྷན་ཉིན་མོའི་སློབ་གྲྭ་རུ་ན་གཞོན་དང་བླངས་པ་ཁག་ཅིག་གི་གོ་སྒྲིག་འོག བོད་གཞུང་མང་ཚོགས་ཆེན་དང་བཅའ་ཁྲིམས་བསྐྱར་བཅོས་བྱེད་སྟངས་སྐོར་ལ་བགྲོ་གླེང་ཞིག་འཚོགས་ཡོད་པ་དང་། སྐབས་དེར་བོད་རང་བཙན་འཐབ་རྩོད་པ་ལྷ་བཟང་ཚེ་རིང་དང་། སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན། དགུ་བཅུ་གསུམ་གྱི་ཚོགས་གཞོན་ཀླུ་མཁར་བྱམས། བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་བསྟན་རྡོར། རྩོམ་པ་པོ་བསྟན་འཛིན་རབ་རྒྱས་བཅས་ཀྱིས་གཏམ་བཤད་བྱས་ཡོད་པ་རེད།
དང་ཐོག་འབའ་བ་སྐལ་བཟང་རྒྱལ་མཚན་གྱིས་དགའ་ལྡན་ཕོ་བྲང་གི་མིང་གནས་དང་བཅའ་ཁྲིམས་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་སྐབས། དགའ་ལྡན་ཕོ་བྲང་གི་མིང་འབྱུང་སྟངས་དང་། དེའི་ཁྱབ་ཚད། བཙན་བྱོལ་ནང་གི་དགའ་ལྡན་ཕོ་བྲང་གི་གལ་གནད་དང་། མ་འོངས་པའི་བྱེད་ཕྱོགས་སོགས་ཀྱི་སྐོར་གསུང་དོན། “དགའ་ལྡན་ཕོ་བྲང་དང་པོ་འབྲས་སྤུངས་དགོན་པར་འདུ་ཁང་སྔོན་པོ་ཞེས་པ་ཞིག་ཡོད་པ་རེད། དེ་ལ་སྣེ་གདོང་དཔོན་ཁང་ཡང་ཟེར་སྲོལ་འདུག དེ་ཕག་གྲུས་སྲིད་དབང་འཛིན་པའི་སྐབས་སུ་༧རྒྱལ་དབང་སྐུ་ཕྲེང་གཉིས་པས་འབྲས་སྤུངས་དགོན་པའི་མཁན་པོ་མཛད་པའི་སྐབས་ཁོང་ལ་ཕུལ་བ་རེད། དེ་རྗེས་སྐུ་ཕྲེང་གསུམ་པའི་སྐབས་སུ་དགའ་ལྡན་ཕོ་བྲང་ཞེས་རྒྱ་བསྐྱེད་བཏང་བ་རེད། རྒྱལ་དབང་སྐུ་ཕྲེང་ལྔ་པས་བོད་ཀྱི་སྲིད་དབང་བཟུང་པ་དང་བོད་གཞུང་གི་མིང་དེ་དགའ་ལྡན་ཕོ་བྲང་དུ་འགྱུར་བ་རེད་”ཅེས་བརྒྱུད་རིམ་སྐོར་ངོ་སྤྲོད་གནང་ཡོད་པ་རེད། དགའ་ལྡན་ཕོ་བྲང་གཞུང་གི་ཁྱབ་ཚད་སྐོར་ངོ་སྤྲོད་གནང་དོན། “རྒྱལ་དབང་སྐུ་ཕྲེང་ལྔ་པས་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་པ་དང་། ཟི་ལང་དུ་སྤྱི་ཁྱབ་པ་དང་། དར་རྩེའི་མདོར་མདོ་སྨད་སྤྱི་ཁྱབ་བཙུགས་ཏེ་བོད་ཆོལ་ཁ་གསུམ་དང་ཆོས་ལུགས་དང་བཅས་པ་མངའ་འོག་ཏུ་ཡོད་པ་དང་། རྗེས་སུ་རྒྱ་ནག་དང་མཉམ་དུ་ས་ཆ་ཕར་འཕྲོག་ཚུལ་ལེན་གྱི་གནས་སྟངས་མང་པོ་བྱུང་བ་དང་། མདོ་སྨད་སྤྱི་ཁྱབ་ཉག་རོང་དུ་གནས་སྤོས་པ་རེད། རྒྱལ་དབང་སྐུ་ཕྲེང་༡༣ པའི་སྐབས་མདོ་སྤྱི་ཆབ་མདོར་སྤོས་པ་རེད། དེའི་སྐབས་མངའ་འོག་ཏུ་ག་ཚོད་ཡོད་མེད་ལ་མ་ལྟོས་པར། མདོ་སྤྱིའི་མང་རིང་གནས་སུ་ཡོད་སྐོར་”འགྲེལ་བརྗོད་གནང་སོང་། “རྒྱ་ནག་གིས་བཙན་འཛུལ་རྗེས་སུ་བོད་མི་མང་གི་ཁྲིམས་མཐུན་གྱི་གཞུང་དེ་རྒྱ་གར་ནང་དུ་ཆགས་ཡོད་པ་དང་། བོད་མི་ཡོངས་ཀྱིས་ཁྲིམས་མཐུན་གྱིས་ངོས་ལེན་ཡོད་པའི་དབུ་ཁྲིད་དེ་རྒྱལ་དབང་སྐུ་ཕྲེང་༡༤ པ་ཆགས་ཡོད་པ་རེད་”ཅེས་ངོ་སྤྲོད་གནང་སོང་། ཁོང་གིས་མུ་མཐུད་མ་འོངས་པའི་བསྒྱུར་བཅོས་ཀྱི་སྐོར་ངོ་སྤྲོད་གནང་དོན། བཅའ་ཁྲིམས་ཀྱི་སྔོན་གླེང་ནང་དུ་བོད་མི་མང་གི་ཁྲིམས་མཐུན་གྱི་གཞུང་དེ་རྒྱ་གར་ནང་གི་བཙན་བྱོལ་གྱི་གཞུང་དེ་ཡིན་པ་གསལ་པོ་བཟོ་ཡི་ཡོད་སྐོར་དང་། ༧གོང་ས་མཆོག་མི་རིགས་ཀྱི་ལམ་སྟོན་པ་དང་རྒྱལ་ཁབ་ཀྱི་མཚོན་རྟགས་ཡིན་པ་སོགས་གསལ་པོ་བཟོ་ཡི་ཡོད་སྐོར་སོགས་ངོ་སྤྲོད་གནང་སོང།
བསྟན་རྡོར་ལགས་ཀྱིས་རྒྱལ་སྤྱིའི་འབྲེལ་ལམ་དང་བཅའ་ཁྲིམས་ཞེས་པའི་བརྗོད་གཞིའི་ཐོག་གསུང་དོན། “བཅའ་ཁྲིམས་ཟིན་བྲིས་ནང་དུ་རྒྱབ་སྐྱོར་བྱེད་འོས་པ་མང་པོ་འདུག ཡིན་ཡང་བཙན་བྱོལ་བོད་གཞུང་ཞེས་པ་དེ་བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་ཞེས་འགྱུར་བ་གཏོང་རྒྱུའི་བསམ་ཚུལ་བཏོན་འདུག དེ་ཉེན་ཁ་ཆེན་པོ་རེད། ད་ལྟ་བར་དུ་བཙན་བྱོལ་བོད་གཞུང་བཙུགས་ནས་དཀའ་ལས་མང་པོ་བརྒྱབ་པ་རེད། གྲུབ་འབྲས་མང་པོ་སྟོན་རྒྱུ་ཡོད་པ་མ་རེད་མོད། བོད་གཞུང་ཞེས་པ་དེ་བོད་ཕྱི་ནང་གཉིས་ནས་ངོ་ཚབ་མཚོན་ཐུབ་པ་དང་། རྒྱལ་སྤྱིའི་ནང་ཆབ་སྲིད་ཀྱི་ཐོག་ནས་ངོས་ལེན་ཡོད་ཀྱང་མེད་ཀྱང་། མང་ཚོགས་ཀྱི་བསམ་བློའི་ནང་བོད་གཞུང་རྡ་སར་ཡོད་པ་དེ་རེད་འདུག བོད་མི་ས་ཡ་དྲུག་གི་མངོན་འདོད་མཚོན་ཐུབ་མཁན་དེ་རེད་འདུག་བསམ་པའི་སྒྲིག་འཛུགས་ཤིག་བསྐྲུན་ཐུབ་པ་དེ་གྲུབ་འབྲས་ཆེན་པོ་རེད། ང་རང་ཚོས་མགོ་སྒུར་དགོས་དོན་མི་འདུག དང་བླང་གིས་འགྱུར་བ་གཏོང་དགོས་དོན་མི་འདུག སྤྱིར་བཏང་རྒྱ་གར་ནང་དུ་གཞུང་གཉིས་བཙུགས་པ་དེ་མ་འགྲིག་པའི་བསམ་ཚུལ་ཡོང་གི་ཡོད་པ་རེད། གནོན་ཤུགས་སྤྲད་པ་དེ་འདྲ་མི་འདུག དེ་ནས་རྒྱ་ནག་གཞུང་གིས་ཁྱེད་རང་ཚོའི་བཅའ་ཁྲིམས་ནང་ཁ་བྲལ་བའི་ཚིག་འདུག་ཅེས་གནོན་ཤུགས་སྤྲོད་མདོག་རེད་མོད། ཐ་སྙད་དེ་གལ་ཆེན་པོ་རེད། ད་ལྟ་ང་ཚོར་གོམ་པ་ཀང་ཕྱིར་འཐེན་གྱིས་ཟེར་དུས། གོམ་པ་གསུམ་བཞི་ཕྱིར་འཐེན་དགོས་དོན་མི་འདུག གལ་སྲིད་ཉིན་གཅིག་གནོན་ཤུགས་སྤྲད་ནའང་བསམ་བློ་གཏོང་དགོས་པ་རེད། དེ་རྗེས་བཙན་དབང་གཏོང་རྒྱུ་ཞིག་ཡོད་པ་རེད། བཙན་དབང་བཏང་ནས་ང་ཚོར་ཐབས་ཤེས་མེད་པར་ཤོར་སོང་ན་ཁག་མེད་པ་རེད་མ་གཏོགས་བསམ་ཚུལ་བཏོན་པ་ཙམ་གྱིས་ཕྱིར་འཐེན་བྱེད་རྒྱུ་མི་འདུག དེར་བརྟེན་ང་ཚོ་མི་མང་གིས་སོ་སོའི་སྐུ་ཚབ་སྤྱི་འཐུས་ལ་བསམ་ཚུལ་བཏོན། གནོན་ཤུགས་སྤྲད་ནས་བོད་གཞུང་ཞེས་པའི་ཐ་སྙད་རང་སོར་ཉར་ཐུབ་དགོས་པ་རེད་”ཅེས་བརྗོད་སོང་།
བསྟན་འཛིན་རབ་རྒྱས་ཀྱིས་བཅའ་ཁྲིམས་བསྐྱར་བཅོས་དང་ཚིག་སྦྱོར་གྱི་སྐོར་ལ་གཏམ་བཤད་གནང་དོན། བཅའ་ཁྲིམས་ཟིན་བྲིས་ནང་དུ་ཐལ་ཆ་ཤོར་བ་དང་། ཆད་ལྷག་ཤོར་བ། བོད་མི་སྤྱི་ལ་མ་ཁྱབ་པའི་མིང་ཚིག་ཡོད་པ། བརྡ་གསལ་པོ་མ་འཕྲོད་ཁག་ཅིག་ཡོད་སྐོར་ངོ་སྤྲོད་བྱས་ཡོད་པ་རེད།
ཀླུ་མཁར་བྱམས་ལགས་ཀྱིས་བོད་ཀྱི་ཁྲིམས་སྲོལ་དང་བཅའ་ཁྲིམས་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་དོན། བོད་རྒྱལ་ཁྲི་སྲུང་སྡེ་བཙན་སྐབས་ནས་བོད་ཀྱི་ཁྲིམས་ལུགས་གཏན་འབེབས་བྱས་སྐོར་དང་། བོད་མི་རིགས་དེ་ཁྲིམས་སྲོལ་ལ་མཐོང་ཆེན་པོ་བྱེད་མཁན་ཞིག་རེད། ཁྲི་སྲུང་སྡེ་བཙན་སྐབས་ཁྲིམས་བཟོ་མཁན་གཙོ་བོ་དེ་མཛངས་མི་བདུན་གྱི་ནང་ནས་དྲུག་པ་དེ་རེད། ཁྲིམས་བཟོ་སྐབས་འབངས་མི་ཚང་མར་སྐད་ཆ་དྲིས་ཏེ་ཁྲིམས་བཟོ་ཡི་ཡོད་སྐོར་ངོ་སྤྲོད་བྱས་ཡོད་པ་རེད། ཁོང་གིས་མུ་མཐུད། “གཞུང་མང་ཚོགས་ཆེན་སྐབས་མཐའ་མའི་ཐག་གཅོད་ཀྱི་དབང་ཆ་ཡོད་པ་མ་རེད། གྲོས་ཚོགས་ནས་ཐག་གཅོད་དགོས་པ་རེད་ཟེར་གྱི་ཡོད་པ་རེད། ཐག་གཅོད་ཀྱི་དབང་ཆ་མེད་ན་ཚང་མས་འགྲོ་སོང་མང་པོ་བཏང་ནས་འདིར་ཡོང་དགོས་དོན་མི་འདུག ཁྲིམས་བཟོ་རྒྱུ་དེ་སྐུ་དྲག་མི་དྲག་ཁ་ཤས་ཀྱིས་བཟོ་རྒྱུ་ཞིག་མ་རེད། མི་མང་རང་གིས་བྱེད་ཐུབ་དགོས་པ་རེད་”ཅེས་སོགས་བརྗོད་ཡོད་པ་རེད།
ལྷ་བཟང་ཚེ་རིང་གིས་བོད་ཀྱི་འཐབ་རྩོད་དང་བཅའ་ཁྲིམས་ཞེས་པའི་བརྗོད་གཞིའི་ཐོག་གསུང་དོན། “བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་ཞེས་པ་བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་སུ་བསྒྱུར་འདུག གཞུང་དེ་བཙན་བྱོལ་བོད་མི་གཅིག་པུས་གཞུང་རེད་དང་། ད་ལྟ་ཆབ་སྲིད་ཀྱི་དཀའ་ངལ་འོག་བོད་རྒྱལ་ཁབ་ཀྱི་གཞུང་དེ་མིའི་ལུང་པར་གནས་པ་ཞིག་རེད། བཙན་བྱོལ་བོད་མི་འབུམ་གཅིག་ལ་གཞུང་ཞིག་ག་འདྲ་ཡོང་དགོས་པ་རེད། དེ་མཐའ་གཅིག་ཏུ་མ་འགྲིག་པ་ཞིག་རེད། དེ་འདྲ་གཏན་འབེབས་བྱས་ན་ཉིན་དེ་ནས་དཔྱ་ཁྲལ་མ་དངུལ་ཡང་སྤྲོད་ཐུབ་ཀྱི་མེད། བཙན་བྱོལ་དུ་ཡོད་སྐབས་རྒྱ་གར་གཞུང་ལ་བརྟེན་བསྡད་ཡོད། རྒྱ་གར་གཞུང་གི་བཀའ་དྲིན་གྱིས་འགྲིག་འགྲོ་ཡི་འདུག ང་ཚོའི་གཞུང་ཞེས་བརྩི་དགོས་པ་དེ་རང་གི་རྒྱལ་ཁབ་ཀྱི་ཕུགས་ཀྱི་དམིགས་ཡུལ་བསྒྲུབ་ཐབས་དང་། གཞིས་ལས་མི་མང་ཤི་དང་གསོན་གྱི་གནས་སྟངས་ལ་སླེབས་བསྡད་ཡོད་པའི་རྩ་དོན་སྒྲུབ་རྒྱུའི་ཆེད་དུ་རེད། བོད་ཅེས་པ་རྒྱལ་ཁབ་ཅིག་གི་མིང་རེད། ད་ལྟ་ས་ཁུལ་ཞིག་གི་མིང་ཆགས་བསྡད་ཡོད་པ་རེད། ཁ་འཐོར་གྱི་མི་རིགས་ཤིག་ལ་གཞུང་ཞིག་ཡོང་གི་མ་རེད་”ཅེས་བརྗོད་སོང་། ཁོང་གིས་མུ་མཐུད་གསུང་དོན། “རྒྱལ་ཁབ་ཀྱི་འཐབ་རྩོད་དགོས་ནས་དམིགས་ཡུལ་ཞིག་དགོས་པ་རེད། བར་ལམ་ནས་ང་ཚོར་དམིགས་ཡུལ་མེད་པ་ཆགས་པ་རེད། སྔོན་མ་ཡིན་ན་འགྲུབ་ཀྱི་ཡོད་མེད་ལ་མ་ལྟོས་པར་བོད་རང་བཙན་རྩོད་དགོས་བསམ་པའི་དམིགས་ཡུལ་ཡོད་པ་རེད། ངའི་བསམ་ཚུལ་དེ་ནོར་ཡོད་པར་ཤོག་ཅེས་ངས་བཤད་ཀྱི་ཡོད། ངས་བསམ་ཚུལ་ནོར་ཡོད་ན་འགྲིག་པ་རེད། དེ་མིན་དབུ་མའི་ལམ་གྱི་ཐོག་ནས་ཡོང་ཐབས་ཡོད་པ་མ་རེད། རྒྱ་མི་ང་ཚོའི་ས་ཆར་ལམ་ཁ་ནོར་ནས་ཡོང་བ་མ་རེད། ལམ་ཁ་བཟོ་ཡི་ཡོང་པ་རེད། དམིགས་ཡུལ་ངེས་ཅན་གྱི་ཐོག་ནས་བོད་ས་ཟ་ཡི་ཡོང་བ་རེད། དཔེར་ན། ན་ཚ་ངོས་མ་ཟིན་ན་སྨན་སྤྲོད་ཤེས་ཀྱི་མ་རེད། ན་ཚ་ཁ་ཤས་ལ་གཙང་སྦྲ་འཕྲོད་བསྟེན་བྱས་ན་གྲགས་འགྲོ་ཡི་རེད། ན་ཚ་ཁ་ཤས་ཕུར་མཉེད་བཏང་ན་གྲགས་འགྲོ་ཡི་རེད། ན་ཚ་ཁ་ཤས་གྲི་ཡིས་གཤག་བཅོས་བཏང་ན་མ་གཏོགས་གྲགས་ཀྱི་མ་རེད། རྒྱ་མི་ལ་ཞི་མོལ་གནང་ནས་འགྲུབ་རྒྱུ་ཡོད་པ་མ་རེད། རང་བཙན་རིན་མེད་ཀྱིས་རག་གི་མ་རེད་ལ། གསེར་དངུལ་གྱིས་ཉོ་རྒྱུ་རག་གི་མ་རེད། རང་བཙན་འཐབ་རྩོད་ཤ་ཁྲག་ལུས་གསུམ་གྱིས་འཇལ་དགོས་པ་རེད། ང་རང་ཡིན་ན་གྲ་སྒྲིག་ཡོད། དངོས་གནས་ཤོག་ཟེར་དུས་ཀ་ཀོར་གང་ཡང་བཤད་རྒྱུ་མེད། ད་ལྟ་འགྲོ་ཆོག་ཆོག་ཡིན། རང་བཙན་འཐབ་རྩོད་ཀྱི་ཆེད་དུ་ཤི་རྒྱུ་གྲ་སྒྲིག་ཡོད། འཐབ་རྩོད་འདྲ་བྱེད་རྒྱུ་ཡིན་མིན་བསྒུག་ནས་ཡོད། དེ་མིན་བོད་རྒྱ་ཁོངས་སུ་བཟོ་རྒྱུར་ཉིན་གཅིག་ལ་དཀའ་ལས་རྒྱག་ཐུབ་ཀྱི་མེད། རྒྱལ་ཁབ་ཀྱི་ཆབ་སྲིད་ལམ་ལུགས་ལ་ད་ལྟ་ཁྱད་པར་མི་འདུག ཆིག་སྒྲིལ་གྱིས་འཐབ་རྩོད་པ་ཞིག་དགོས་ཀྱི་འདུག དབུ་མའི་ལམ་གྱི་ཐོག་ཏུ་འགྲོ་ཡི་ཡིན་ན་མང་གཙོ་གང་ལ་བེད་སྤྱོད་བྱེད་རྒྱུ་ཡིན་”ཞེས་སོགས་གསུངས་ཡོད་པ་རེད།།
{jcomments on}