ལས་འགུལ་འདིས་བོད་དོན་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་རེད།
ད་ལྟ་བར་ཉིན་གྲངས་སོ་གཅིག་རིང་ཟས་གཅད་ངོ་རྒོལ་ནང་མཉམ་ཞུགས་བྱེད་མཁན་མི་གྲངས་༥༤༠ ཙམ་བྱུང་ཡོད་པ་དང། དེ་ཡང་གཞོན་ལྷན་དབུས་ས་གཉིས་ནས་ལས་འགུལ་མཚམས་འཇོག་བྱེད་དགོས་དོན་སྐོར་ལ། ས་གཞོན་ཚོགས་གཙོ་གྲགས་པ་བསམ་གྲུབ་ལགས་ཀྱིས་འགྲེལ་བརྗོད་གནང་དོན།
དེ་རིང་ང་ཚོས་འདི་ལྟར་ལས་འགུལ་མཚམས་འཇོག་བྱེད་དགོས་བའི་རྒྱུ་མཚན་མང་པོ་ཡོད་པ་རེད་ལ། གཙོ་བོ་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་དང་བཀའ་ཁྲི་འོས་ཐོན་པ་མཁས་དབང་བློ་བཟང་སེངྒེ་གཙོས་ཆེས་མཐོའི་དབུ་ཁྲིད་རྣམ་པ་དང་། རྒྱ་གར་གཙོས་འཛམ་གླིང་ནང་བོད་དོན་དོ་སྣང་བྱེད་མཁན་གྱི་རྒྱལ་ཁབ་དང་བོད་དོན་རྒྱབ་སྐྱོར་བ་སོགས་གང་མང་ཞིག་རྒྱ་གར་རྒྱལ་ས་ལྡི་ལིར་ཟས་བཅད་ངོ་རྒོལ་བ་རྣམས་ལ་ཆེད་བཅར་གྱིས་བོད་དོན་འཐབ་རྩོད་རྒྱུན་མཐུད་ལ་གཟུགས་པོའི་འཕྲོད་བསྟེན་ཡག་པོ་དགོས་པས། ད་ཐེངས་ཟས་བཅད་ངོ་རྒོལ་མཚམས་འཇོག་ཡོང་བའི་འབོད་སྐུལ་གནང་ཡོད་པ་དང་། ལྷག་པར་དུ་བོད་ནང་རྔ་པ་ས་ཁུལ་ནས་མི་མང་གིས་ཡིག་འཕྲིན་འབྱོར་བའི་ནང་རྒྱ་དམར་གཞུང་ལ་བོད་མི་ཤེས་འཇོན་གཉིས་ལྡན་དང་མཁས་དབང་། ཉམས་ཞིབ་པ། ཆེད་ལས་མི་སྣ་སོགས་དང་། ལྷག་པར་བོད་གཞུང་དང་༧གོང་ས་རྒྱལ་བ་རིན་པོ་ཆེའི་བཀའ་གསུང་སྒྲུབ་མཁན་རིགས་ཀྱི་མི་སྣ་དགོས་མཁོ་མེད་པ་མ་ཟད། དེའི་རིགས་ཀྱི་མིི་སྣ་རྩ་མེད་བཟོ་རྒྱུའི་ངན་འཆར་སྣ་ཚོགས་འཐེན་དང་འཐེན་བཞིན་པ་ཡིན་པས། རྣམ་པ་ཚོ་ཚང་མའི་ངོས་ནས་བོད་དང་བོད་མིའི་འཕྲལ་ཕུགས་རྒྱུང་གསུམ་གྱི་རྩ་དོན་ལ་དམིགས་ཏེ་ཤ་རུས་གཅིག་པའི་སྤུན་ཟླ་གསུམ་གྱི་ཚེ་སྲོག་གི་ཉེན་ཁ་ལས་མྱུར་སྐྱོབ་དགོས་སྐོར་དང་། དེ་བཞིན་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་སྐུ་ཚབ་གསུམ་ཆེད་ཕེབས་ཀྱིིས་བོད་མིར་གདུང་སེམས་མཉམ་བསྐྱེད་ཡོད་སྐོར་གསུང་ཡོད་པ་མ་ཟད། ལས་འགུལ་མཚམས་འཇོག་ཡོང་བའི་འབོད་སྐུལ་ཤུགས་དྲག་གནང་བར་བརྟེན། གནས་སྐབས་ཟས་བཅད་ངོ་རྒོལ་མཚམས་འཇོག་བྱས་པ་རེད་ཅེས་གསུངས་སོང་།
དེ་བཞིན་ཟས་བཅད་ངོ་རྒོལ་མཚམས་འཇོག་གི་ཐོག་མོན་གྷོ་ས་གནས་གཞིས་འགོ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་གསུང་དོན། ད་རེས་ཁྱེད་རང་ཚོའི་ལས་འགུལ་འདི་བརྒྱུད་ནས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གཞན་ཚོ་དང་། བཙན་བྱོལ་ནང་གནས་སྡོད་བྱེད་མཁན་བོད་རིགས་ཡོངས་དང་ལྷག་པར་ན་གཞོན་ཚོར་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ལས་འགུལ་གང་ཞིག་གི་ཆ་ཤེས་ལེན་དགོས་པའི་ཚོར་ཤུགས་ཆེན་པོའི་རྒྱལ་ཞེན་བསྐྲུན་ཐུབ་པ་དེ་ནི་རྒྱལ་ཁ་ཆེན་པོ་ཞིག་རེད་དྲན་གྱི་ཡོད། དེ་བཞིན་འཛམ་གླིང་གི་རྒྱལ་ཁབ་གང་མཚམས་ཀྱི་གྲོས་ཚོགས་དང་ཚོགས་པ་ཁག ཆེས་མཐོའི་མི་སྣ་འདྲ་མིན་ལ་བོད་སྐྱོབ་རེ་སྐུལ་དང་འབྲེལ་སྙན་ཞུ་གང་མང་ཁྱེད་ཚོའི་ངོས་ནས་ཕུལ་ཐུབ་པ་དེ་ཡང་བོད་དོན་གསལ་རྟོགས་ཐུབ་པ་དང་། མུ་མཐུད་ནས་རྒྱབ་སྐྱོར་ཤུགས་ཆེན་ཐོབ་པ་སོགས་ཀྱི་ཆེད་དུ་དགེ་ཕན་ཆེན་པོ་ཡོད་པ་དངོས་ཡོད་གནས་ཚུལ་རེད་ཅེས་གསུངས་སོང་།
ཐེངས་འདིར་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་ནང་ཞུགས་མཁན་གཞོན་ལྷན་གྱི་ཚོགས་གཞོན་དོན་གྲུབ་ལྷ་དར་དང། དཔལ་འབྱོར་འགན་འཛིན་དཀོན་མཆོག་ཡར་འཕེལ། ཟུང་དྲུང་བསྟན་འཛིན་ནོར་བཟང་བཅས་ཡིན་པ་དང་། ཁོང་ཚོའི་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་པོ་ཆགས་པར་བརྟེན། ད་ལྟ་སྨན་བཅོས་བྱེད་བཞིན་ཡོད་པ་རེད།
མོན་གྷོ་ས་གནས་གསར་འགོད་པས།
གཞན་ཡང་ཉིན་འདིར་མོན་གྷོ་ས་གནས་གཞིས་སྤྱིའི་ལྷ་མོ་ཚོགས་པ་དབུ་བརྙེས་ནས་ལོ་ངོ་༡༣་ འཁོར་བའི་དུས་དུས་དྲན་སྲུང་བརྩི་དང་འབྲེལ་ལྷོ་མོ་ཚོགས་པའི་འགན་འཛིན་དང་། རྩི་བ། དངུལ་གཉེར་སོགས་གསར་རྙིང་རྗེ་ལེན་རྩིས་སྤྲོད་ཀྱི་ཚོགས་འདུ་ཞིག་ཀྱང་ལྷ་མོ་ཚོགས་པའི་ཚོགས་ཁང་དུ་འཚོགས་ཡོད་པ་རེད།