བྱས་རྗེས་ངོ་སོ་གང་ཡིན་ཡང་༧རྒྱལ་བ་རིན་པོ་ཆེ་ལ་འགྲོ་ཡི་རེད།

ཟླ་འདིའི་ཚེས་༢༥ ཉིན་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་མདུན་ཐང་དུ། སྦེལ་རྗམ་བོད་རིགས་ཐུན་མོང་མཉམ་རུབ་ཐོག་བོད་རིགས་ཚོགས་པའི་སྣེ་ཁྲིད་དེ། ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གི་གོ་སྒྲིག་འོག་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་འབུལ་བའི་མཛད་སྒོ་ཞིག་འཚོགས་སོང།

མཛད་སྒོའི་སྐུ་མགྲོན་གཙོ་བོ་༧སྒྲུབ་རྒྱུད་བསྟན་པའི་སྲོག་ཤིང་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་དང། བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ། ༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན། བཀའ་ཟུར་པདྨ་ཆོས་འབྱོར། འདེམས་ཐོན་བཀའ་ཁྲི་མཁས་དབང་བློ་བཟང་སེང་གེ། ཝ་རཱ་ཎ་སིའི་སློབ་དཔོན་བྱམས་པ་བསམ་གཏན། ལ་དྭགས་བླ་མ་བློ་བཟང། གཞན་རྒྱ་གར་གྱི་མཁས་དབང་ཁག་ཅིག་བཅས་ཆེད་ཕེབས་གནང་ཡོད་པ་དང། གཞན་ཡང་བཀའ་བློན་དང་སྤྱི་འཐུས་གཙོས་ཚོགས་ཆེན་ལ་བཅར་མཁན་ཡོངས་དང་ས་གནས་མི་མང་བཅས་བརྒྱ་ཕྲག་མང་པོ་འདུ་འཛོམས་བྱུང་ཡོད་པ་རེད།

award_samdongrinpoche02ཐོག་མར་སྦེལ་རྗམ་བོད་རིགས་ཚོགས་པའི་ཚོགས་གཙོ་ཙ་ཡུས་སྐལ་བཟང་གིས་ངོ་སྤྲོད་གསུང་བཤད་གནང་ཞིང། དེ་ནས་སྦེལ་རྗམ་བོད་རིགས་ཚོགས་པའི་ངོས་ནས་སྟོན་པའི་སྐུ་འདྲ་ཞིག་དང། གཟེངས་རྟགས། ན་བཟའ་ཆ་ཚང་ཞིག་བཅས་༧ཀརྨ་པ་རིན་པོ་ཆེའི་ཕྱག་ནས་ཟམ་གདོང་རིན་པོ་ཆེར་གསོལ་བསྩལ་གནང་སོང། དེ་རྗེས་སྐུ་མགྲོན་གཙོ་བོས་གཙོས་པའི་སྐུ་མགྲོན་རྣམས་ཀྱིས་གསུང་བཤད་རེ་རེ་བཞིན་གནང་གྲུབ་རྗེས།

མཇུག་ཏུ་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེས་གསུང་བཤད་གནང་དོན། ང་རང་ནམ་རྒྱུན་སྟོད་ར་དང་གཟེངས་བསྟོད་ཉན་པར་འཚེར་སྣང་ཡོང་གི་འདུག་མ་གཏོགས། དགའ་སྤྲོ་ཡོང་གི་མི་འདུག ལྷག་པར་དུ་ཝ་ར་ཎཱ་སིར་སླེབས་ནས་ལོ་ཁ་ཤས་ཀྱི་རྗེས་སུ་རྒྱ་གར་གྱི་གཙུག་ལག་སློབ་གཉེར་ཁང་ཁག་གི་ནང་ནས་གཟེངས་རྟགས་གནང་བའི་འགོ་བཙུགས་པ་རེད། དེ་ཚོ་མི་ལེན་པའི་ཆོད་སེམས་བཞག་ནས་ད་ལྟ་བར་དུ་རྒྱ་གར་དང་རྒྱལ་སྤྱིའི་ནང་ལ་གཟེངས་རྟགས་དང་ལག་ཁྱེར་གྱི་རིགས་ཆ་ཚང་ཞུ་མི་དགོས་པར་ཞུ་ཡི་ཡོད། ད་ལོ་སྟབས་ཉེས་པ་ཞིག་ལ་དམ་བཅའ་དེ་ཤོར་བ་རེད། ས་རཱ་ལ་ཁོ་རང་ཚོས་གཟེངས་རྟགས་མིན། ཞལ་ཐང་ཞིག་ཕྱག་རྟགས་སུ་འབུལ་རྒྱུ་ཡོད། དེ་༧ཀརྨ་པ་རིན་པོ་ཆེ་ལ་སྙན་གསེང་ཞུས་ཚར་བ་ཡིན་གསུངས་པ་ཡིན་སྟབས། ༧ཀརྨ་པ་རིན་པོ་ཆེའི་ཕྱག་ནས་ཞུ་རྒྱུ་དེ་བསྐལ་པ་བཟང་པོ་རེད། དེ་འགྲིག་གི་རེད་ཅེས་ཞུས་པ་ཡིན། ཡིན་ནའང་མཐའ་མ་དེར་ཐང་ཁ་རེད་མི་འདུག ཚང་མ་གཟེངས་རྟགས་ཀྱི་ངོ་བོའི་ཐོག་ནས་བསྟོད་ར་བཏང་བ་ཤ་སྟག་རེད་འདུག དེའི་སྐབས་ལ་ངས་སྐད་ཆ་ཐུང་ཐུང་ཞིག་བཤད་པ་རེད། སྐད་ཆ་དེ་རྗེས་མ་རྩོད་གཞི་ཆེན་པོ་ཆགས་བསྡད་འདུག དྲ་རྒྱ་དེ་ཚོའི་ནང་གཟིགས་པ་ཡིན་ན་ཉིན་མ་ཁ་ཤས་རིང་ལ་འཁྲུག་ཆ་དོད་པོ་བྱས་ནས་འགྲེལ་བ་རྒྱག་པ་དེ་འདྲ་བྱུང་བ་རེད།

award_samdongrinpoche03སྦེལ་རྗམ་བོད་རིགས་སྤྱི་མཐུན་གྱིས་དེ་རིང་ང་ལ་ཐུགས་རྗེ་ཆེ་ཞུ་གནང་གི་ཡིན་གསུངས་པའི་སྐབས་ལ། སེམས་ཀྱི་ནང་ལ་དགའ་སྐྱོའི་ཚོར་བ་འདྲེས་མ་ལྟ་བུ་བྱུང། དེ་གང་ཡིན་ཟེར་ན། སྦེལ་རྗམ་ནང་ལ་བོད་རིགས་མང་པོ་ཡོད་རེད་དེ་དེ་ཚོས་ང་ལ་ཐུགས་རྗེ་ཆེ་གསུང་གི་རེད་བསམ་པ་ངའི་རྨི་ལམ་དུའང་དྲན་ཡོད་མ་རེད། དེའི་རྒྱུ་མཚན་ག་རེད་ཟེར་ན། ཐེངས་གཅིག་༧སྐྱབས་མགོན་རིན་པོ་ཆེ་སྦེལ་རྗམ་དུ་ཕེབས་སྐབས་ང་ཆིབས་ཞབས་སུ་བཅར་བ་རེད། དེ་དུས་མི་མང་ཤོས་འཛོམས་འདུག དེ་དུས་ཁོ་རང་ཚོས་ང་ལ་རེ་འདུན་མང་པོ་གནང་བ་རེད། ཕ་གིར་ས་གནས་ཀྱི་ལག་ཁྱེར་རག་པའི་སྐོར་ལ་དོན་གཅོད་བརྒྱུད་ནས་བཙན་བྱོལ་གཞུང་གིས་འདི་དང་འདི་བྱེད་དགོས་རེད་ཅེས་གསུང་གི་འདུག ངས་ཚོགས་འདུ་དེའི་ནང་ལ་དེ་ཁྱོན་ནས་ཡོང་གི་མ་རེད། དོན་གཅོད་ངོས་ནས་བྱེད་ཐུབ་པ་དེ་ཚོ་རེད། བྱེད་མི་ཐུབ་པ་ཁྱེད་རང་ཚོའི་ལག་ཁྱེར་དངོས་གནས་དྲང་གནས་མིན་པ་ཡིན་ན་དངོས་གནས་དྲང་གནས་རེད་ཅེས་ལབ་ཐུབ་ཀྱི་མ་རེད། བོད་པ་དངོས་གནས་རེད་ཅེས་ལབ་ཐུབ་ཀྱི་རེད་མ་གཏོགས། དེ་མ་ཡིན་པའི་ངས་རོགས་པ་གང་ཡང་བྱེད་ཐུབ་ཀྱི་མ་རེད་ཅེས་གསལ་པོ་བྱས་ནས་ལབ་པ་ཡིན།

award_samdongrinpoche04ཚོགས་འདུ་གྲོལ་ནས་ངའི་རོགས་པ་ཞིག་གིས་རོགས་པ་བྱེད་མ་ཐུབ་ན་མ་ཐུབ་རེད། མི་མང་ལ་བྱེད་ཐུབ་ཀྱི་མ་རེད་ཅེས་ལབ་དགོས་པ་གང་ཡང་ཡོད་མ་རེད། དེ་ལབ་ན་ཚང་མ་བློ་ཕམ་གྱི་རེད་ཅེས་གསུངས་བྱུང། ཐུགས་ཕམ་མདོག་ཁ་པོ་རེད་དེ་ཁོ་རང་ཚོས་ཅིག་བྱེད་རོགས་ལབ་དུས། ངས་ཁ་ཁར་བཞག་ན་བྱེད་ཀྱི་ཡོད་རེད་བསམ་ནས་རེ་བ་སྟོང་པ་རྒྱག་སྡོད་ཀྱི་རེད། དེ་ལས་ང་ཚོས་བྱེད་ཀྱི་མ་རེད་ཅེས་གསལ་པོ་བཟོས་བཞག་པ་ཡིན་ན། རེ་ཐག་ཆོད་འགྲོ་ཡི་རེད། དེ་ཡག་པོ་ཡོང་གི་རེད་ཅེས་ངས་ལབ་པ་ཡིན། དེ་དུས་སྐད་ཆ་ལབ་པ་དེ་ཚོར་བལྟས་ན་མི་མང་གི་བསམ་བློའི་ནང་དུ་འཁོན་ཞུགས་ཡོད་རེད་བསམ་པའི་ཚོར་སྣང་དེ་ཡོད་རེད། ཡིན་ནའང་དེ་རིང་ཁོ་རང་ཚོས་ཆེད་མངགས་གྲ་སྒྲིག་གནང། ཁོང་ཚོའི་ཐབས་བྱུས་ཞེ་དྲག་མཁས་པོ་རེད་འདུག འདིར་ང་ཚོའི་ས་གནས་ཀྱི་འགོ་ཁྲིད་བཀའ་ཤག་གིས་འགན་ཁུར་ས་གྲོས་ཚོགས་ཀྱི་ཚོགས་གཙོ་ལ་འགན་ཁུར་རོགས་ཞེས་དང། ཚོགས་གཙོས་ང་ལ་དེ་དུས་སྐུ་སྒེར་ནས་ཡིན་གསུངས་མ་སོང། དེར་བརྟེན་ཚོགས་གཙོས་བཀའ་ག་རེ་གནང་གི་ཡོད་ན་ཁྱད་མི་འདུག ག་རེ་གནང་གི་ཡོད་ནའང་གནང་རོགས་ཞེས་ཞུ་དགོས་པའི་རྒྱུ་མཚན་དེ་འདྲ་རེད་ཅེས་གསུངས་སོང།

དེ་རྗེས་རྒྱ་གར་གྱི་སྐྱ་སེང་བུ་ལྔས་དམག་བརྒྱབ་པའི་སྐོར་གྱི་རིག་བྱེད་གཏམ་རྒྱུད་ཅིག་ལ་དཔེ་སྦྱར་ནས། ང་རང་ཚོས་བཀའ་དྲིན་རྗེས་དྲན་དང་བྱས་རྗེས་ངོ་སོ་ག་འདྲ་ཡོད་པ་ཡིན་ཡང། དེ་༧རྒྱལ་བ་རིན་པོ་ཆེ་ལ་འགྲོ་གི་རེད་མ་གཏོགས། སུ་གང་ལ་འགྲོ་ཡི་མ་རེད་ཅེས་སོགས་གསུངས་སོང། དེ་ནས་དྷ་སར་ཡོད་པའི་ཆོལ་ཁ་གསུམ་གྱི་ཚོགས་པ་དང། ཚོང་ཁང་དང་ཟ་ཁང་སྐྱིད་སྡུག གཞན་ཡང་ལི་ཐང་དང། ཚ་བ། ཏྲེ་ཧོར། བྲག་གཡབ་བཅས་ཀྱི་སྐྱིད་སྡུག། མངའ་རིས་སྤྱི་མཐུན་ཚོགས་པ་སོགས་ཚོགས་པ་ཁག་བཅུ་ཕྲག་ལྷག་གིས་ཟམ་གདོང་རིན་པོ་ཆེའི་ཕྱག་རྗེས་ལ་གཟེངས་བསྟོད་ཀྱི་ཕྱག་རྟགས་འདྲ་མིན་ཕུལ་སོང།།

{jcomments on}