བླ་ན་མེད་པའི་དབུ་ཁྲིད་གནང་རྒྱུའི་ཞལ་བཞེས་ཐོབ་པ།
སྐབས་དེར་ཚོགས་མི་མང་པོ་ཞིག་གི་རེ་བ་ལྟར་དབྱིན་ཡུལ་གྱི་རྒྱལ་པོའམ་རྒྱལ་མོ་ལྟ་བུའི་མཚན་གནས་བཞེས་གནང་ཡོང་བའི་གསོལ་འདེབས་ཞལ་བཞེས་གཏན་ནས་གནང་མེད་ནའང། དོན་ཚན་དང་པོའི་ཚིག་དོན་རྣམས་ཕལ་ཆེ་བར་ཞལ་བཞེས་བཟང་པོ་ཐོབ་ཡོད་པ་རེད།བཙན་བྱོལ་བོད་གཞུང་ཞེས་པ་དེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་སུ་བསྒྱུར་རྒྱུ་ཞེས་པ་དང་། བོད་རྒྱལ་ཁབ་ཅེས་པ་མི་རིགས་ཞེས་པར་སྒྱུར་རྒྱུ་སོགས་ལ་ཚོགས་ཆུང་སོ་སོའི་ནང་མང་མོས་ཀྱིས་མོས་མཐུན་བྱས་མེད་ནའང། ༧གོང་ས་མཆོག་གིས་བཙན་བྱོལ་བོད་གཞུུང་ཞེས་པའི་མིང་ངེས་པར་དུ་སྒྱུར་དགོས་སྐོར་གྱི་བཀའ་སློབ་ལམ་སྟོན་ཡང་གནང་ཡོད་འདུག
༧གོང་ས་མཆོག་གི་སྐུ་དབང་ཐད་བསམ་ཚུལ་འདྲ་མིན་བྱུང་ཡོད་པ་དང་། ༧གོང་ས་མཆོག་ལ་ཆོས་ཀྱི་རྒྱལ་པོ་དང། གངས་ལྗོངས་རྒྱལ་བསྟན་ཡོངས་ཀྱི་མངའ་བདག བོད་གཞིས་བྱེས་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སོགས་མཚན་གང་འོས་ཤིག་འབུལ་དགོས་པའི་རྒྱབ་སྐྱོར་བྱེད་མཁན་ཤུགས་ཆེན་པོ་འདུག་ལ། ༧གོང་ས་མཆོག་ལ་དབྱིན་ཡུལ་གྱི་རྒྱལ་པོ་རྒྱལ་མོ་ལྟར་བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་ཀྱི་མཚན་གནས་བཞེས་གནང་ཡོང་བའི་གསོལ་འདེབས་ཞུ་དགོས་སྐོར་སོགས་ལ་རྒྱབ་སྐྱོར་ཤུགས་ཆེན་འདུག དེ་བཞིན་མཐའ་བསྡོམས་༧གོང་ས་མཆོག་ལ་གསོལ་འདེབས་བཀའ་ཁྲོལ་ཞུ་རྒྱུ་བཅའ་ཁྲིམས་ཀྱི་སྔོན་གླེང་དང། དོན་ཚན་དང་པོ་གཉིས་ཡོད་པ་རེད།
དོན་ཚན་དང་པོའི་ནང་འཁོད་དོན། བོད་མི་རིགས་ཀྱི་མགོན་སྐྱབས་དང་མཚོན་རྟགས། བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས་དབང་མིའི་གཟུགས་སུ་བྱོན་པ་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི་འཇིག་རྟེན་ཞི་བདེའི་དེད་དཔོན། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག བོད་མི་ཡོངས་ཀྱི་མགོན་སྐྱབས། བླ་ན་མེད་པའི་དབུ་འཁྲིད། བླང་དོར་ལམ་སྟོན་པ། བོད་མི་རིགས་ཀྱི་ངོ་བོ་དང༌། དེའི་ཆིག་བསྒྲིལ་གྱི་མཚོན་རྟགས། བོད་མི་ཡོངས་ཀྱི་རང་དབང་ལྡན་པའི་མགྲིན་ཚབ་པ་བཅས་ཡིན། གནས་བབ་འདི་དག་ནི་ལོ་གྲངས་བརྒྱ་ཕྲག་མང་པོའི་བྱུང་རབས་དང༌། ལེགས་བྱང༌། མངའ་དབང་ལྡན་པའི་བོད་མིའི་མངོན་འདོད་བཅས་ལས་གྲུབ་པ་ཡིན། དེའི་ཕྱིར་གཤམ་གསལ་གྱི་ཐུགས་འགན་དང་སྐུ་དབང་རྣམས་རང་ཆས་སུ་ཡོད། ༡༽ བོད་མིའི་བདེ་དོན་དང་བསམ་སྤྱོད་ཀྱི་ཡར་རྒྱས། ཆོས་དང་ལེགས་བྱང༌། རིག་གནས་བཅས་ཀྱི་སྲུང་སྐྱོབ་དང་དར་སྤེལ། བོད་ཀྱི་རྩ་དོན་སྒྲུབ་ཐབས་ཀྱིས་མཚོན་བོད་མི་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གང་ཅིའི་ཐོག་ལམ་སྟོན་དང་བཀའ་སློབ། སྐུལ་ལྕག་གནང་རྒྱུ། ༢༽ ྋགོང་ས་མཆོག་གིས་དགོས་གལ་ནམ་གཟིགས་སྐབས་དང༌། འགོ་ཁྲིད་རྣམས་ཀྱིས་གསོལ་འདེབས་ནམ་ཞུས་ལ་བོད་མི་རིགས་དང༌། སྤྱི་ཚོགས། བསྟན་སྲིད་ཀྱི་གལ་ཆེའི་ལས་དོན་ཐོག་གྲོས་ཚོགས་དང་བཀའ་ཤག་ལ་གསུང་འཕྲིན་དང༌། བཀའ་སློབ་ལམ་སྟོན་གནང་རྒྱུ། ༣༽ བཙན་བྱོལ་བོད་གཞུང་དང་བོད་མི་མང་གི་ངོས་ནས་རྒྱལ་སྤྱིའི་དབུ་ཁྲིད་རྣམ་པ་དང༌། གལ་ཆེའི་མི་སྣ་ཁག སྒྲིག་འཛུགས་ཁག་བཅས་ལ་མཇལ་འཕྲད་བཀའ་བསྡུར་གནང་རྒྱུ་དང༌། བོད་ཀྱི་རྩ་དོན་བསྒྲུབ་སླད་སྐུ་ཚབ་དང་དམིགས་བསལ་སྐུ་ཚབ་ཁག་གཏན་འཇགས་སམ་དུས་ཡུན་རྒྱས་བཅད་ཀྱི་བསྐོ་འཛུགས་གནང་རྒྱུ་བཅས་ཡིན་པ་རེད།
ཚོགས་མི་རྣམས་ལ་༧གོང་ས་མཆོག་གིས་བཀའ་སློབ་བསྩལ་བའི་སྐབས་དབྱིན་ཇིའི་རྒྱལ་མོ་ལྟ་བུའི་མཚན་གནས་ལ་ཞལ་བཞེས་གནང་མེད་པ་དང། བཅའ་ཁྲིམས་ཀྱི་སྔོན་གླེང་དུ་འགོད་རྒྱུའི་དོན་ཚན་དང་པོའི་དོན་ཚན་རེ་རེ་བཞིན་ལྗགས་ཀློག་དང་འབྲེལ། ཞལ་བཞེས་གནང་ཡོད་ཀྱང། སྐུ་ཚབ་དང་དམིགས་བསལ་སྐུ་ཚབ་༧གོང་ས་མཆོག་གིས་བསྐོ་གཞག་གནང་རྒྱུ་མིན་པར་ཐད་ཀར་བཀའ་བློན་ཁྲི་པས་བསྐོ་བཞག་བྱེད་དགོས་པ་ལས། ཁོང་གི་མཚན་དེ་གཡར་ཆོག་ཅེས་ཞལ་རྩེད་དང་བཅས་གསུངས་ཡོད་པ་དང། སྤྱིར་སྔོན་གླེང་དང་དོན་ཚན་དང་པོ་ཞིབ་གཟིགས་གནང་ནས་ལན་གནང་རྒྱུ་ཡིན་ཞེས་གསུངས་ཡོད་འདུག་དང། ཐེངས་འདིའི་རྒྱལ་ཡོངས་ཚོགས་ཆེན་སྐབས་ཚོགས་ཆུང་བཅུ་ཡོད་པ་རྣམས་གཉིས་རེ་བྱས་ཏེ་༧གོང་ས་མཆོག་དང་ལྷན་དུ་སྐུ་པར་ཡང་མཉམ་སྒྲོན་གནང་ཡོད་པ་རེད།
གོང་གསལ་བཅའ་ཁྲིམས་ཀྱི་དོན་ཚན་དང་པོ་རུ་འགོད་རྒྱུའི་རང་ཆས་སུ་ཡོད་པའི་སྐུ་དབང་འདི་དག་བཅའ་ཁྲིམས་སུ་འཁོད་ཀྱང་རུང་། མ་འཁོད་ཀྱང་གནས་བབས་འདི་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རང་ཆས་སམ་རང་བཞིན་གྱིས་ཡོད་པའི་སྐུ་དབང་ཞིག་ཡིན་པ་ལས་དམིགས་བསལ་མ་རེད། ཅེས་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་གྱི་མཇུག་བསྡོམས་སྐབས་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུངས་ཡོད་པ་རེད།།
{jcomments on}