ཨ་པཱ་ཤར་པ་མུ་མཐུད་འཛམ་གླིང་ནང་གི་ཟིན་ཐོ་གསར་པ།

དེ་ཡང་བལ་ཡུལ་ཧི་མ་ལ་ཡའི་རི་རྒྱུད་ནང་པའི་མི་རིགས་ཨ་པཱ་ཤར་པས་ཉེ་བའི་ཆར་རི་འཛེགས་རུ་ཁག་གཅིག་གི་སྣེ་ཁྲིད་དེ། མཚོ་ངོས་ལས་མཐོ་ཚད་རྨིས་ཏྲར་༨༨༤༨ ཡོད་པའི་རི་བོ་ཇོ་མོ་གླང་མའི་གད་སྙིགས་གཙང་བཟོའི་ལས་འགུལ་སྤེལ་བ་དང་མཉམ་ཁོང་དང་རི་འཛེགས་པ་མི་གྲངས་ལྔ་ཟླ་འདིའི་ཕྱི་ཚེས་༡༡ ཉིན་ཇོ་མོ་གླང་མའི་རི་རྩེ་ལ་འབྱོར་ཡོད་པ་དང་། ཕྱི་ལོ་གཉིས་སྟོང་བརྒྱད་ནས་ད་བར་བསྡོམས་ཇོ་མོ་གླང་མའི་ཁུལ་ནས་གད་སྙིགས་རྒྱ་མ་ཁྲི་གསུམ་མ་ཟིན་ཙམ་གཙང་བཟོ་བྱེད་ཐུབ་པ་བྱུང་འདུག།

ཨ་པཱ་ཤར་པ་ནི་ཇོ་མོ་གླང་མའི་ཡང་རྩེ་དང་དེ་སྔ་ནས་ཇོ་མོ་གླང་མར་ཐེངས་མང་ཤོས་འཛེགས་མྱོང་མཁན་བཅས་ཀྱི་མཚན་སྙན་ཡོད་པའི་འཛམ་གླིང་ཁྲོད་བྱུང་མྱོང་མེད་པའི་མི་སྣ་སྐད་གྲགས་ཅན་གྱི་ཟིན་ཐོའི་ཁོངས་སུ་ཡོད་པ་དང་། ད་ཐེངས་བསྐྱར་དུ་ཁོ་རང་གིས་བཞག་པའི་ཟིན་ཐོའི་ཐོག་ཁོ་རང་གིས་ཟིན་ཐོ་གསར་པ་ཞིག་བྱུང་བ་ཡིན་འདུག

ཇོ་མོ་གླང་མ་ནི་འཛམ་གླིང་གི་ཡང་རྩེ་རི་རྒྱུད་ཧི་མ་ལ་ཡའི་རི་རྩེ་དེ་ཡིན་པ་དང་། ཧི་མ་ལ་ཡའི་རི་རྒྱུད་དེ་ནི་མཉམ་འགྲོའི་རི་རྒྱུད་འགའ་ཞིག་ལས་གྲུབ་པའི་རི་བོའི་ཕྲེང་རྒྱུད་ཆེན་པོ་ཞིག་ཡིན་པས་རྒྱ་མཚོའི་ངོས་ལས་མཐོ་ཚད་ཆ་སྙོམས་བྱས་ན་རྨིས་ཀྲར་༦༠༠༠ ཙམ་ཡོད་པ་དང་དེའི་ཁོངས་རི་རྩེ་མཐོ་ཤོས་ཇོ་མོ་གླང་མ་ནི་བོད་དང་བལ་ཡུལ་ས་མཚམས་སུ་གནས་ཡོད་ཅིང་། མཐོ་ཚད་རྒྱ་མཚོའི་ངོས་ལས་རྨིས་ཀྲར་༨༨༤༨ ཡོད་པས་དེ་ནི་འཛམ་གླིང་གོ་ལའི་ཐོག་གི་རི་བོ་མཐོ་ཤོས་ཡིན་པ་དང་། དེའི་ཐོག་ལོ་རྒྱུས་ནང་ཐེངས་དང་པོར་འཛེགས་ཐུབ་པ་བྱུང་མཁན་བསྟན་འཛིན་ནོར་རྒྱས་ཡིན་པ་རེད།།