གྲོས་ཚོགས་སྐབས་བཅོ་ལྔ་པས་གཏན་འབེབས་བྱེད་རྒྱུ་ཆགས་སྲིད།
ཟླ་འདིའི་ཚེས་༢༦ ཉིན་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་འཕར་མ་དབུ་འཛུགས་ཀྱི་མཛད་སྒོ་དེ་དྷ་ས་གངས་སྐྱིད་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་ཁང་དུ་འཚོགས་ཡོད་པ་རེད།
དབུ་འཛུགས་མཛད་སྒོའི་ཐོག་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་དབུ་འཛུགས་ཀྱི་གསུང་བཤད་གནང་དོན། གསུང་འཕྲིན་དང་འབྲེལ་བ་ཡོད་པའི་༧གོང་ས་མཆོག་གི་དགོངས་གཞི་དང་བཅའ་ཁྲིམས་བསྐྱར་བཅོས་བྱེད་དགོས་པའི་ལས་རིམ་དེའི་སྒང་ལ་སླེབས་ཡོང་གི་ཡོད་རེད། དེ་དང་མཐུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བཞི་པ་ལ་བསྐུལ་བའི་ལས་འགན་ཁག་ཅིག་དེ་རིང་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་དེ་འཚོགས་པའི་ཐོག་ནས། ཚང་མའི་འདོད་པ་ཁེངས་པའི་ལས་རིམ་ཞིག་འགྲོ་ཐུབ་པ་དང། གཟི་བརྗིད་དང་ལྡན་པ། ལོ་རྒྱུས་དང་ལྡན་པ་ཞིག་བྱུང་ཡོད་པ་ང་ཚོས་ཤེས་ཀྱི་ཡོད་པ་རེད། དེ་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཁུར་བླངས་ནས་ལས་འགན་གྱི་ཆ་ཤས་ཤིག་ད་ལྟ་འགྲུབ་ཟིན་པ་ཞིག་ཏུ་ངོས་འཛིན་བྱས་པ་ཡིན་ན་འགྲིག་གི་ཡོད་པ་རེད་ཅེས་དང།
མུ་མཐུད་གསུང་དོན། སྐབས་བཅུ་བཞི་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་དུས་ཡུན་དེ་རིང་བརྩིས་པའི་ཉིན་བཞི་མ་གཏོགས་ལྷག་ཡོད་མ་རེད། ཉིན་བཞིའི་རིང་ལ་ལས་དོན་གང་འགྲུབ་ཐུབ་ཀྱི་ཡོད་མེད་ཀྱི་གནས་སྟངས་དེ་དེ་རིང་ཕྱི་དྲོ་བར་གསལ་པོ་ཆགས་ཐུབ་པའི་གནས་སྟངས་ཤིག་རེད། གལ་སྲིད་དེ་རིང་གྲོས་ཚོགས་སྐབས་བཅུ་བཞི་པས་གཏན་འབེབས་བྱེད་དགོས་པའི་གནས་སྟངས་ཤིག་ཏུ་འགྱུར་བ་ཡིན་ན། ང་ཚོ་ཚང་མས་མང་ཚོགས་ཀྱི་བསམ་ཚུལ་གང་བྱུང་བ་དེ་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐོག་ལ་སྤུངས་ཡོད་པ་ཡིན་སྟབས། མང་ཚོགས་ཀྱི་མངོན་འདོད་དང་རེ་བ་གཞིར་བཟུང་དང། ཕྱོགས་གཞན་པ་ཞིག་ནས་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོའི་དགོངས་པ་བཞིན་འགྲུབ་ཐུབ་པ་རང་ལ་རེ་བ་ཞུ་རྒྱུ་ཡིན། གལ་སྲིད་སྐབས་བཅུ་བཞི་པས་གཏན་འབེབས་བྱེད་མི་ཐུབ་པའི་གནས་སྟངས་ཤིག་ཆགས་པའི་དབང་དུ་བཏང་བ་ཡིན་ན། སྐབས་བཅོ་ལྔ་པས་གཏན་འབེབས་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་ཀྱི་རེད། དེ་ཡིན་ན་སྐབས་བཅོ་ལྔ་པའི་སྤྱི་འཐུས་རྣམ་པ་ཚོས་དེ་གཞིར་བཟུང་འགན་ཁུར་དགོས་པའི་གནས་སྟངས་དང། དེ་དག་ཚང་མ་ད་ལྟ་བར་དུ་འགྲོ་བཞིན་པའི་ལས་རིམ་ནང་བཞིན་འགྲོ་ཐུབ་པའི་རེ་བ་ཡོད་ཅེས་གསུངས་སོང།
མུ་མཐུད་གསུང་དོན། བཅའ་ཁྲིམས་ཀྱི་སྔོན་གླེང་དེ་༧རྒྱལ་བ་རིན་པོ་ཆེས་ཞལ་བཞེས་གནང་བ་རང་ལ་ངོས་འཛིན་བྱེད་ཆོག་གི་རེད། དོན་ཚན་དང་པོའི་ནང་གསེས་དང་པོ་དང་གཉིས་པ་ཞལ་བཞེས་གནང་བ་རེད། གསུམ་པའི་ཐོག་ལ་སྐུ་མདུན་གྱི་ངོས་ནས་འགྲེལ་བཤད་བསྐྱོན་གནང་ཡོད་པ་རེད། ད་དུང་ཡིན་ནའང་གསལ་པོ་བཟོ་དགོས་པའི་གནས་སྟངས་ཤིག་ཆགས་ཀྱི་འདུག དེ་དག་ཚང་མ་གནད་འགག་ཆེན་པོ་རེད། ལྷག་པར་དུ་བོད་ནང་དུ་གནས་སྟངས་ཛ་དྲག་མུ་མཐུད་དུ་གནས་བསྡད་ཡོད་པ་དང། ལྷག་པར་དུ་ཀིརྟི་དགོན་པའི་གནས་སྟངས་དེ་ཟླ་བ་ཁ་ཤས་འགྲོ་ཡི་ཡོད་རེད་དེ་ད་དུང་བཟང་ཕྱོགས་ཀྱི་འགྱུར་བ་དེ་ཙམ་མེད་པར་རང་མུས་སུ་གནས་བསྡད་ཡོད་པ་རེད། བོད་ནང་ལ་ཡོད་པའི་བོད་མི་ཚོས་སེམས་ཁྲལ་བྱེད་དགོས་པ་མི་འདུག ༧རྒྱལ་བ་རིན་པོ་ཆེས་དེ་སྔོན་བཀའ་སློབ་གནང་བ་བཞིན་བོད་མི་ཞིག་ཡིན་པའི་ཆ་ནས་བོད་སྤྱི་པའི་འགན་དེ་མུ་མཐུད་བཞེས་ཀྱི་ཡིན་ཞེས་ཞལ་བཞེས་བཟང་པོ་ཡོད་པ་རེད། བཙན་བྱོལ་ནང་དུ་ཆ་བཞག་ན་སྤྱི་འཐུས་འཕོ་འགྱུར་དང། དེ་བཞིན་བཀའ་ཤག་དེ་ཟླ་བ་གཉིས་ཙམ་རྗེས་སུ་འཕོ་ལེན་བྱེད་པའི་མཚམས་ལ་སླེབས་ཀྱི་ཡོད་པ་རེད། མང་གཙོའི་འགྲོ་ལུགས་དང་མཐུན་པའི་མི་མང་གི་འགོ་ཁྲིད་སླེབས་བསྡད་པ་དེ་དག་གིས་བོད་གཞིས་བྱེས་གཉིས་ཀྱི་རེ་བ་སྐོང་ཐུབ་པའི་འབད་བརྩོན་ཧུར་བསྐྱེད་དང། ཆིག་སྒྲིལ་ཐོག་ནས་བྱེད་པའི་ཆོད་སེམས་བརྟན་པོ་ཡོད་པ་དེ་བོད་ནང་གི་བོད་མི་ཚང་མས་མཁྱེན་པ་བྱེད་དགོས་པ་དང། དེ་གཞིར་བཟུང་འཕོ་འགྱུར་ག་རེ་འགྲོ་ཡི་ཡོད་པ་ཡིན་ཡང་འཕོ་འགྱུར་ཕྱིན་པའི་རྒྱུ་མཚན་ལ་བརྟེན་ནས། ང་ཚོའི་ནུས་པ་ཉམས་པ་དང། གཅིག་སྒྲིལ་གྱི་ནུས་པ་འཐོར་བ་དེ་འདྲའི་རྐྱེན་དུ་མི་འགྲོ་བའི་ཐོག་ནས་ཆིག་སྒྲིལ་གྱི་ནུས་པ་གཅིག་ཏུ་སྤུངས་དགོས་པ་རེད་ཅེས་གསུངས་སོང།
དེ་རྗེས་རྒྱ་གར་གྱི་ཨ་རུ་ནཱ་ཅལ་མངའ་སྡེའི་བློན་ཆེན་རྡོ་རྗེ་མཁའ་འགྲོ་མཆོག་ཉེ་ལམ་གནམ་གྲུ་བརྡབ་སྐྱོན་གྱིས་སྐུ་གྲོངས་པར་བརྟེན། དམ་པ་དེ་ཉིད་ཀྱིས་བོད་ཀྱི་རྩ་དོན་དང་བོད་མི་རྣམས་ལ་སློབ་ཡོན་གྱི་མཐུན་རྐྱེན་སྦྱར་བ་སོགས་རྒྱབ་སྐྱོར་ཚད་མེད་གནང་མཁན་ཞིག་ཡིན་པ་དེར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་ཅིག་བཞག་སོང་བ་མ་ཟད། མྱང་ངན་གྱི་ངག་བཅད་སྐར་མ་གཅིག་གནང་བ་དང། གྲོས་ཆོད་དེར་་བཀའ་ཤག་གི་ངོས་ནས་རྒྱབ་སྐྱོར་གཙང་མ་དང། དམ་པ་དེ་ཉིད་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་སྨོན་འདུན་དང། ཤུལ་ལུས་ནང་མི་ལྟོས་བཅས་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན་སྐོར་ཆོས་རིག་བཀའ་བློན་མཆོག་གིས་གསུངས་སོང།།
{jcomments on}