བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག་ཅེས་པ་ལེགས་པར་གསུངས་པ།
ཟླ་འདིའི་ཚེས་༢༧ ཉིན་བོད་མི་མང་སྤྱི་འཐུས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་འཕར་མའི་ཐོག སྐུ་སྒེར་ཡིག་ཚང་ནས་སྤྱི་འཐུས་ཚོགས་གཙོ་ལྷན་རྒྱས་ཀྱི་མཚན་ཐོག་ཏུ་ཕེབས་པའི་ཕྱག་ཡིག་ནང་དུ་འཁོད་དོན། ཕྱི་ཚེས་༢༥ ཉིན་རྣམ་པ་ལྷན་རྒྱས་ནས་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་ཚོགས་བཅར་བ་སྤྱི་མགྲིན་གྱི་མཚན་ཐོག་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་ཞུ་དང་གཉིས་གཉིས་འབུལ་གནང་མཛད་པ་དེ་དག་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གཟིགས་ཞིབ་ཀྱིས་ཚོགས་མི་ཡོངས་ལ་ཞིབ་ཕྲའི་བཀའ་སློབ་བསྩལ་ཟིན་པ་ཀུན་གྱིས་མཁྱེན་གསལ་ལྟར་༧སྙན་ཞུ་དང་པོར་དགོངས་བཞེས་མཛད་ཐབས་མ་གྱུར།
༧སྙན་ཞུ་གཉིས་པའི་ནང་གསལ་སྔོན་གླེང་དང། དོན་ཚན་དང་པོ་གསར་འཇུར་གནང་རྒྱུར་དགག་བྱ་མ་གཟིགས་ཀྱང། དོན་ཚན་དང་པོའི་ནང་གསེས་༢༽ ནང་“གྲོས་ཚོགས་དང་བཀའ་ཤག་ལ་གསུང་འཕྲིན་དང། བཀའ་སློབ་ལམ་སྟོན་གནང་རྒྱུ་” ཞེས་གསལ་བ་ “གྲོས་ཚོགས་དང་བཀའ་ཤག་གི་དགོངས་པའི་དཔྱད་གཞིར་དགོངས་འཆར་གནང་རྒྱུ་” ཞེས་དང། ནང་གསེས་༣༽ “བཙན་བྱོལ་བོད་གཞུང་དང་བོད་མི་མང་གི་ངོས་ནས་རྒྱལ་སྤྱིའི་དབུ་ཁྲིད་རྣམ་པ་དང། གལ་ཆེའི་མི་སྣ་ཁག་དང་མཇལ་འཕྲད་བཀའ་བསྡུར་གནང་རྒྱུ་དང། བོད་ཀྱི་རྩ་དོན་སྒྲུབ་སླད་སྐུ་ཚབ་དང་དམིགས་བསལ་སྐུ་ཚབ་ཁག་དུས་ཡུན་རྒྱས་བཅད་དུ་བསྐོ་འཛུགས་གནང་རྒྱུ་བཅས་” ཞེས་གསལ་བའི་ཚབ་ཏུ་“བོད་མིའི་སྒྲིག་འཛུགས་དང་བོད་མི་མང་གི་ཆེད་རྒྱལ་སྤྱིའི་དབུ་ཁྲིད་རྣམ་པ་དང། གལ་ཆེའི་མི་སྣ་ཁག་དང་མཇལ་འཕྲད་བཀའ་བསྡུར་གནང་རྒྱུ་དང། བཀའ་ཤག་གིས་བསྐོ་འཛུགས་བྱས་པའི་སྐུ་ཚབ་དོན་གཅོད་དང། དམིགས་བསལ་སྐུ་ཚབ་རྣམས་ལ་༧གོང་ས་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་བསྩལ་རྒྱུ” ཞེས་བཅོས་ཏེ་འགོད་འཐུས་བཀའ་འཁྲོལ་བྱུང་སོང་བས་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་བཟོའི་ལས་དོན་འཕྲལ་དུ་གནང་དགོས་བཀའ་ཕེབས་འདུག་པ་དགོངས་འཇགས་ཞུ་ཞེས་འཁོད་ཡོད་པ་རེད།
ཕྱག་ཡིག་འདིའི་ནང་དུ་བཙན་བྱོལ་བོད་གཞུང་ཞེས་པའི་ཚབ་ཏུ་བོད་མིའི་སྒྲིག་འཛུགས་ཞེས་པར་བསྒྱུར་དགོས་པའི་བཀའ་གསལ་པོ་ཕེབས་ཡོད་པ་མ་ཟད། རྒྱལ་རྟགས་ཀྱི་འོག་ཏུ་ཡོད་པའི་“བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་”ཞེས་པའི་ཚབ་ཏུ། རྒྱལ་ཡོངས་ཚོགས་ཆེན་ཐོག་བོད་གངས་ལྗོངས་རང་དབང་མང་གཙོའི་གཞུང་ཞེས་པ་སོགས་དཔྱད་གཞིའི་མཚན་གནས་སྣ་ཚོགས་བཏགས་པའི་ནང་ནས་“བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག་”ཅེས་པ་དེ་ལེགས་པར་གཟིགས་ནས་་༧གོང་ས་མཆོག་གིས་མཚན་རྟགས་བཀོད་གནང་འདུག ད་ལྟའི་ཆར་གྲོས་ཚོགས་ནང་དུ་བཅའ་ཁྲིམས་ཀྱི་དོན་ཚན་གཞན་ཁག་གི་ཐོག་མུ་མཐུད་བསྐྱར་བཅོས་གཏན་འབེབས་ཀྱི་ལས་རིམ་འགྲོ་བཞིན་པ་རེད།།
{jcomments on}