བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཆ་ཚང་གྲུབ་པ།

དེ་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་འཕར་མ་དེ་ཕྱི་ཟླ་༥ ཚེས་༢༦ ནས་༢༨ བར་ཉིན་གསུམ་རིང་འཚོགས་པ་དང། ཉིན་གསུམ་རིང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་འགྱུར་བ་གཏོང་དགོས་པ་ཚང་མ་བཏང་ཡོད་པ་རེད། གཙོ་བོ་སྔོན་གླེང་དང། བཅའ་ཁྲིམས་ཀྱི་དོན་ཚན་དང་པོ་༧གོང་ས་མཆོག་ལ་རང་ཆས་སུ་ཡོད་པའི་སྐུ་དབང་དོན་ཚན་གསུམ་ཡོད་པ་ཞིག་གསར་འཇུག་བྱས་ཡོད་པ་རེད། སྐབས་འདིར་ ཁྲིམས་ཡིག་ཁག་ལ་ཆོག་མཆན་བཀའ་འཁྲོལ་གནང་མཁན་བཀའ་བློན་ཁྲི་པ་དང། ཁྲིམས་ཞིབ་པ་རྣམ་པ་དང། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་སྤྱི་འཐུས་ལྷན་ཚོགས་ནས་འོས་འདེམས་བྱ་རྒྱུ། བཀའ་བློན་ཁྲི་པ་དང་བཀའ་བློན་རྣམ་པ། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་བཅས་ཀྱི་དམ་བཅའ་ཁྲིམས་ཞིབ་པ་ཆེ་བའི་མདུན་དུ་ཞུ་རྒྱུ་སོགས་སུ་བསྒྱུར་བཅོས་བཏང་ཡོད་པ་དང། བཙན་བྱོལ་བོད་གཞུང་ཞེས་པའི་མིང་ཚིག་དེ་བོད་མིའི་སྒྲིག་འཛུགས་ཞེས་པར་བསྒྱུར་བཅོས་བྱས་ཡོད་པ་རེད། གྲོས་ཚོགས་ཉིན་གཉིས་པ་དང་ཉིན་གསུམ་པ་གཉིས་ལ་མཚན་མོ་ཡུན་རིང་འཚོགས་དགོས་བྱུང་ཡོད་པ་དང། ལྷག་པར་དུ་ཉིན་མཐའ་མའི་ཉིན་ཞོགས་པ་ཆུ་ཚོད་༩ དང་ཕྱེད་ནས། དགོང་མོ་ཆུ་ཚོད་༡༡ དང་ཕྱེད་མ་ཟིན་ཙམ་གྱི་བར་ཆུ་ཚོད་༡༤ མ་ཟིན་ཙམ་གྱི་རིང་འཚོགས་དགོས་བྱུང་ཡོད་ལ། མདོར་བསྡུས་ནས་གནས་སྐབས་མི་མང་གིས་དང་ལེན་བྱེད་ཐུབ་དང་མི་ཐུབ་འདྲ་མིན་ཡོང་སྲིད་ཀྱང། ༧གོང་ས་མཆོག་གི་དགོངས་གཞི་ལམ་སྟོན་དང་། ལྷག་པར་དུ་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་ཚོགས་བཅར་བ་རྣམས་ལ་༧གོང་ས་མཆོག་གིས་བཀའ་སློབ་བསྩལ་བ་དང། དེའི་རྗེས་སུ་སྐུ་སྒེར་ཡིག་ཚང་བརྒྱུད་ཕྱག་ཡིག་ཕེབས་པའི་དགོངས་དོན་དང་འགལ་མེད་ཐོག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བསྐྱར་བཅོས་བཏང་ཡོད་པ་དང། དུས་འདི་ནས་བཟུང་དགའ་ལྡན་ཕོ་བྲང་ཞེས་པའི་མིང་བྱང་དང་། བཙན་བྱོལ་བོད་གཞུང་ཞེས་པའི་མིང་ཚིག་འདི་གཉིས་ཀྱང་ཕྱིར་བསྡུ་བྱས་ཡོད་པ་རེད། ད་ནས་བཟུང་རྒྱལ་རྟགས་ཀྱི་ནང་དུ་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཞེས་པའི་ཚབ་ཏུ། ༧གོང་ས་མཆོག་གིས་བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག་ཅེས་པར་གཏན་འབེབས་ཕྱག་རྟགས་བསྩལ་ཡོད་པ་རེད།།