བོད་གཞུང་མེད་ན་བཀའ་བློན་དང་སྤྱི་འཐུས་ཀྱང་མེད།

བོད་པ་རྣམས་ནི་རྒྱལ་ཁབ་གཞན་དང་མི་འདྲ་བར་མིང་འདོགས་རྒྱུ་དང་། དེ་ཡང་མིང་རྫིག་པོ་དང་རིང་པོ་དེ་འདྲ་འདོགས་རྒྱུར་ཤིན་ཏུ་དགའ་བའི་མི་རིགས་ཤིག་ཡིན་པས། ཚོགས་པ་གང་ཞིག་བཙུགས་པའི་སྔོན་མིང་ཇི་ལྟར་འདོགས་ཚུལ་གྱི་རྩོད་རྙོག་གླེང་བ་ལས། དོན་དངོས་ཐོག་ལས་དོན་ཇི་ལྟར་སྒྲུབ་ཚུལ་གྱི་བསམ་ཚུལ་བརྗེ་ལེན་བྱེད་མཁན་ཤིན་ཏུ་དཀོན་པོ་ཡིན། དེས་ན། བོད་དུ་སྲིད་གཞུང་ཞིག་བཙུགས་པ་ནས་མིང་གང་ཆེ་ཆེ་དང་གང་རྫིག་རྫིག་བཏགས་ཡོད་ལ། དེ་ཡང་སྲིད་གཞུང་དེ་བཛུགས་མཁན་གྱི་ཆོས་ལུགས་དང་ཡུལ་ལུང་དེ་དང་འབྲེལ་བའི་སྟེང་ནས་བཏགས་པ་ལས། དོན་དངོས་ཐོག་བོད་རང་གི་ངོ་བོ་མཚོན་ཐུབ་པའི་མིང་ཞིག་བཏགས་མེད་པར་སྣང་། སྲིད་གཞུང་མང་ཆེ་བ་ཞིག་ནི་རང་གི་མངའ་འོག་གི་མི་སྣས་ཕར་འཕྲོག་ཚུར་འཕྲོག་བྱས་ནས་བསྐྱལ་ཡོད་ལ་བསྐྱལ་ནས་ད་ལྟའི་གྲུབ་འབྲས་འདི་བྱུང་ཡོད། གང་ལྟར་བོད་གཞུང་དགའ་ལྡན་ཕོ་བྲང་གིས་སྲིད་གཞུང་འདི་ནི། བོད་མདོ་དབུས་ཁམས་གསུམ་གྱི་མི་མང་གི་སྲིད་གཞུང་ཞིག་ཡིན་པའི་དཔང་རྟགས་བསྟན་ཐུབ་པ་ཉུངས་ཤིང་། སྲིད་གཞུང་འདི་དགེ་སོག་གཉིས་ཀྱིས་བཙུགས་པ་དང་། དེ་ཡང་ས་གནས་ཁག་འགའ་ལ་དབང་པ་ལས་བོད་ཀྱི་ས་གནས་གཞན་ལ་མིན་པས། རྒྱལ་བ་ཉིད་ཀྱིས་དགེ་ལུགས་དང་དབུས་གཙང་གི་གཞུང་རེད་ཅེས་གསུངས་ཡོད། གང་ལྟར་ཡང་། ༧གོང་ས་མཆོག་དང་ཁོང་གི་བཀའ་ཤག་ཡོད་ས་དེ་བོད་ཀྱི་སྲིད་གཞུང་ཡིན་པ་ནི་ལྡོག་ཏུ་མེད་ལ། དེ་ནི་རྒྱལ་ཁབ་གཞན་གྱིས་གཞུང་འབྲེལ་གྱིས་ངོས་ལེན་ཡོད་མེད་གང་ལྟར་ཡང་མི་མང་གིས་ངོས་ལེན་ཡོད་ཅིང་ཀུན་ལ་གྲགས་པ་ཡིན། དེ་ཡང་བོད་གཞུང་ལ་ Government ཞེས་པའི་མིང་ཚིག་འདི་རྒྱ་གར་སོགས་ཕྱི་རྒྱལ་བས་མང་པར་འབོད་ཀྱི་ཡོད་པ་དེས་ནི། ད་ལྟའི་བཙན་བྱོལ་བོད་གཞུང་ལ་བོད་གཞུང་གི་ངོས་འཛིན་ཡོད་པ་གསལ་པོར་མཚོན་གྱི་ཡོད། དེའི་ཁར་བོད་པའི་མིང་ཚིག་གཞུང་ཞེས་པ་ནི་ཨིན་ཚིག Governmentདང་མི་འདྲ་བར་གོ་དོན་མང་དུ་འཇུག་ས་ཡོད་པས་ཡོད་པས་བོད་གཞུང་ཞེས་འབོད་ཀྱང་ཁྱད་པར་གང་ཡང་མེད།

ཡིན་ན་ཡང་། ད་ལྟའི་ཆར་ཚོགས་ཆེན་བརྒྱུད་མིང་ཇི་ལྟར་འདོགས་ཚུལ་གྱི་བསམ་ཚུལ་ཉེར་ཤུ་རྩ་གྲངས་ཤིག་སླེབས་པ་ལས་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་མཆོག་གིས་བོད་གཞུང་ཞེས་པ་དེ་བདེན་པ་ཉིད་རྒྱལ་གྱུར་ཅིག་ཅེས་པར་བསྒྱུར་ན་ལེགས་པ་མཚན་རྟགས་དང་བཅས་དང་། གཞུང་ཞེས་པ་དེ་སྒྲིག་འཛུགས་སུ་བསྒྱུར་བའི་བཀའ་ཕེབས་ཡོད། ༧གོང་ས་མཆོག་གིས་བཀའ་ཕེབས་པ་ཡིན་པས་ཕུགས་རྒྱང་རིང་པོའི་ཐུགས་བསམ་བཞེས་པ་ཡོད་པ་ནི་ང་ཚོས་ཡིད་ཆེས་བྱེད་ལ་བྱེད་ཀྱང་ཆོག་པ་ཡིན། ཡིན་ཡང་། ༧གོང་ས་མཆོག་གིས་ལེགས་ཞེས་བཀའ་གནང་བ་དེ་རྩ་བའི་ལམ་སྟོན་ལ་གཞིར་བཞག་ནས་དེ་ལ་བོད་མི་ཀུན་གྱིས་བསམ་ཚུལ་བརྗེ་ལེན་བྱེད་དགོས་པ་ཡང་རྒྱལ་བའི་དགོངས་གཞི་ཡིན་སྲིད་ལ། ང་ཚོས་དེ་ལ་དཔྱད་གླེང་ངེས་པར་དུ་དགོས་པ་ཡིན། དེང་གི་ཡིག་ཆ་མང་པོའི་ནང་མིང་བརྗེ་བསྒྱུར་གྱི་གནས་ཚུལ་ལས། གང་གི་ཕྱིར་བརྗེ་བསྒྱུར་གནང་དགོས་ཐུག་པའི་གནད་དོན་དེ་ཙམ་གསལ་བསྒྲགས་གནང་མེད་པར་བརྟེན་མང་ཚོགས་ནང་དེའི་དྲི་བ་དང་དྭོགས་པ་འདྲ་མིན་འབྱུང་བཞིན་པ་ཡིན། བོད་གཞུང་མེད་ན་དཔྱ་ཁྲལ་སྤྲོད་མི་ཐུབ་པ་སོགས་མཁས་པ་དང་སྤྱི་བཏང་གི་མི་མང་ནང་བསམ་ཚུལ་འདྲ་མིན་འདུག་པ་ནི་མཁྱེན་གསལ་དང་། བོད་གཞུང་མེད་ན་བོད་རྒྱལ་ཁབ་མེད་ལ། བོད་རྒྱལ་ཁབ་མེད་ན་བོད་ཀྱི་རྒྱལ་གླུ་ཡང་གཏོང་དགོས་དོན་མེད།  ད་དུང་བོད་གཞུང་མེད་ན་བོད་ཀྱི་བཀའ་ཤག་དང་སྤྱི་འཐུས་ཀྱང་མེད་དགོས་པ་ཡིན། བཀའ་བློན་ཞེས་པ་ནི་ཨིན་ཡིག་ནང་གི་Minister ཞེས་པ་དེ་ཡིན་ལ། དེ་ནི་རྒྱལ་ཁབ་ཅིག་གི་དབང་འཛིན་གྱི་མི་སྣ་ཞིག་ཡིན་དགོས་པ་དང་། བོད་གཞུང་མེད་ན་དེའི་བཀའ་ཤག་དང་བཀའ་བློན་ཡང་མེད་སོང་བ་ཡིན། དེ་བཞིན་བོད་གཞུང་མེད་ན་སྤྱི་འཐུས་ཀྱང་མེད་དགོས་ཏེ། སྤྱི་འཐུས་ཞེས་པ་ནི་རྒྱལ་ཁབ་དེའི་གྲོས་ཚོགས་ཀྱི་འཐུས་མི་ཞིག་ཡིན་དགོས་ལ། གྲོས་ཚོགས་ Parliament ཞེས་པ་ནི་རྒྱལ་ཁབ་གང་ཡང་རུང་བ་ཞིག་གི་མི་མང་གིས་འོས་འདེམས་ལས་བྱུང་བ་དང་། དེའི་ནང་རྒྱལ་ཁབ་ཀྱི་ཁྲིམས་བཟོའི་སྡེ་ཚན་ཞིག་ཡིན་པས། བོད་གཞུང་མེད་ན་དེ་རྣམས་ཡོང་ཐབས་མེད་པ་ཞིག་རེད།

མདོར་ན། བོད་གཞུང་མེད་ན་བཀའ་ཤག་དང་སྤྱི་འཐུས་ཀྱང་མེད་ལ། བོད་གཞུང་ཞེས་པ་དེ་མེད་ན་བོད་ཀྱི་ཡོད་ཚད་རླག་པ་རེད། བོད་གཞུང་མེད་ན་བོད་ཕྱི་ནང་གཉིས་ཀྱི་རེ་བའི་མིག་ཟུང་ཡང་ཟུམ་ངེས་རེད་སྙམ།  དེ་ལས་འཕྲོས་པའི་གནས་ཚུལ་འགའ་ཞིག་བཤད་འདོད་ཀྱང་གང་ཞིག་ལ་འཇིགས་ནས་དེ་ཙམ་ལས་བཤད་མ་ཕོད། འདིར་དད་པའི་རྗེས་འབྲང་གི་ལམ་ལུགས་ཡོངས་སུ་དོར་ནས་རང་ཉིད་དང་རང་ཉིད་དང་འདྲ་བ་རྣམས་ཀྱི་བསམ་ཚུལ་བཤད་ཁུལ་ཡིན་པ་ལས། དོན་མེད་བསྙོན་འཛུགས་ཡེ་ནས་མིན་ལགས་ན་གུས་པའི་བསམ་ཚུལ་ནོར་ཡོད་ན་དགོངས་སེལ་ཞུ་རྒྱུ་དང་། བོད་དུ་ལོག་འདོད་པའི་བོད་མི་རྣམས་ཀྱིས་རང་ཉིད་ཀྱི་འགན་ཁུར་རང་ཉིད་ཀྱིས་བླང་ནས་བོད་ཀྱི་སྤྱི་དོན་འབྲེལ་བའི་བསམ་ཚུལ་འདོན་འོས་ལ། འདོན་ཡང་དགོས་པ་ཡིན། ཞེས་བེ་རི་འགྲོ་ཕན་གླིང་དུ།