བཀའ་ཤག་དང་སྤྱི་འཐུས་ཀྱི་ནུས་པ་མཉམ་དུ་སྤུངས་རྒྱུ་ཡིན།
ཟླ་འདིའི་ཚེས་༣༠ ཉིན་གྱི་ཕྱི་དྲོ་ནས་སྤྱི་འཐུས་སྐབས་བཅོ་ལྔ་པའི་ཚོགས་གཙོ་དང་ཚོགས་གཞོན་འདེམས་པའི་འགོ་བཙུགས་ནས། ཐོག་མར་ཚོགས་གཙོའི་སྔོན་འགྲོའི་འོས་ཤོག་སྐབས་སུ་སྤེན་པ་ཚེ་རིང་ལ་འོས་གྲངས་༢༤ དང། པདྨ་འབྱུང་གནས་ལ་འོས་གྲངས་༡༧ ཀརྨ་ཡེ་ཤེས་ལ་འོས་གྲངས་༡༦ བཅས་འོས་ཤོག་མང་ཤོས་གསུམ་ནི། ཚོགས་གཙོའི་དངོས་གཞིའི་འོས་གཞིའི་ནང་དུ་སླེབས་ཡོད་པ་རེད། དངོས་གཞིའི་འོས་གཞིའི་གྲུབ་འབྲས་གསལ་བསྒྲགས་སྐབས། སྤེན་པ་ཚེ་རིང་ལགས་སུ་འོས་གྲངས་༡༩ དང། ཀརྨ་ཡེ་ཤེས་ལགས་སུ་འོས་གྲངས་༡༩ གཅིག་མཚུངས་ཆགས་ནས། སླར་ཡང་འོས་བསྡུ་ཐེངས་གཅིག་བྱས་པས་སྤེན་པ་ཚེ་རིང་ལགས་སུ་འོས་གྲངས་༢༢ ཐོབ་ནས་ཚོགས་གཙོའི་རྒྱལ་ཁ་ཐོབ་པ་དང། ཀརྨ་ཡེ་ཤེས་ལ་འོས་གྲངས་༡༩ རང་འཇགས་ཀྱིས་ཚོགས་གཙོའི་རྒྱལ་ཁ་ཐོབ་མེད་པ་རེད།
དེ་རྗེས་ཚོགས་གཞོན་གྱི་སྔོན་འགྲོའི་འོས་ཤོག་སྐབས་འོས་གྲངས་མང་ཤོས་གསུམ་ནི། མཁན་པོ་བསོད་ནམས་བསྟན་འཕེལ་དང། ཀརྨ་ཡེ་ཤེས། པདྨ་འབྱུང་གནས་གསུམ་སླེབས་ཡོད་པ་དང། དངོས་གཞིའི་སྐབས་སུ་མཁན་པོ་བསོད་ནམས་བསྟན་འཕེལ་ལ་འོས་གྲངས་༢༠ ཐོབ་ནས་ཚོགས་གཞོན་དུ་བསྐོ་བཞག་བྱུང་ཡོད་པ་རེད།
ཚོགས་གཙོའི་དངོས་གཞིའི་འོས་ཤོག་ཕྱིར་བསྒྲགས་བྱས་མ་ཐག གསར་འགོད་པས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་དེ་སྔོན་ལོ་གཉིས་དང་ཕྱེད་ཀའི་རིང་ཚོགས་གཙོ་གནང་བའི་སྐབས་སུ་ལས་དོན་གནང་མ་ཐུབ་པ་དང། དུས་ཚོད་ཀྱི་ཆ་ནས་ལོ་ལྔའི་རིང་ཚོགས་གཙོ་གནང་རྒྱུའི་སྐབས་སུ་ཕྱག་ལས་གང་དང་གང་གནང་ཐུབ་པའི་གདེང་ཚོད་དང་འཆར་གཞི་ཡོད་མེད་སྐོར་བཅར་འདྲི་ཞུས་པར། ཁོང་གིས་གསུང་དོན། ད་ལྟའི་དུས་ཚོད་འདིར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་དབང་ཆ་ཚང་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་གཙོ་བོ་བཀའ་བློན་ཁྲི་པ་དང། སྤྱི་འཐུས་ཚོ་ཆགས་ཀྱི་ཡོད་རེད། དེར་བརྟེན་སྤྱི་འཐུས་ལ་འཁྲི་བའི་ལས་འགན་གཅིག་དེ་རྒྱལ་སྤྱིའི་ནང་དུ་གྲོས་ཚོགས་ཀྱི་འཐུས་མི་དང་མཉམ་དུ་འབྲེལ་བ་བཟོ་རྒྱུ་གལ་ཆེན་པོ་རེད། ༧རྒྱལ་བ་རིན་པོ་ཆེས་རྩ་བའི་ཆ་ནས་འགན་བཞེས་ཀྱི་རེད་དེ། གཙོ་བོ་བཀའ་བློན་ཁྲི་པ་དང། སྤྱི་འཐུས་ཀྱི་ངོས་ནས་རྒྱལ་སྤྱིའི་ནང་དང། རྒྱ་གར་གྱི་ནང་དུ་བོད་དོན་རྒྱབ་སྐྱོར་ཤུགས་ཆེ་རུ་གཏོང་དགོས་པ་དང། བོད་ནང་ལ་དངོས་ཡོད་གནས་ཚུལ་ག་རེ་ཆགས་ཀྱི་ཡོད་མེད་རྒྱལ་སྤྱིའི་ནང་ལ་གོ་བརྡ་འཕྲོད་པ་ཞིག་བཟོ་ཐུབ་རྒྱུ་གལ་ཆེན་པོ་རེད། རྩ་བའི་ཆ་ནས་སྤྱི་འཐུས་རྣམ་པ་ཚང་མ་ཡོད་པ་རེད། དེ་བཞིན་ཚོགས་གཞོན་དང་མཉམ་དུ་གོ་བསྡུར་གྱིས་བང་སྒྲིག་རྒྱུ་ཡིན། གཉིས་པ་དེ་ལ། གྲོས་ཚོགས་ཀྱི་ཆེ་མཐོང་ཡར་རྒྱས་གཏོང་བའི་ཆེད་དུ་སྤྱི་འཐུས་རྣམ་པ་ཚོའི་ཐུགས་འགན་བཞེས་སྟངས་ཀྱི་སྐོར་སྔོན་མ་ནས་སྤྱི་འཐུས་ཚོ་ས་གནས་ས་བགོས་ཤིག་བྱས་ཡོད་པ་རེད། དེ་ལེགས་བཅོས་ག་རེ་བྱེད་རྒྱུ་འདུག ས་གནས་ས་བགོས་མུ་མཐུད་ནས་བྱེད་དགོས་ཀྱི་འདུག་གམ། མི་དགོས་ན་གྲོས་ཆོད་དེ་ནུས་མེད་དུ་གཏོང་དགོས་ཀྱི་ཡོད་རེད། གྲོས་ཆོད་དེ་ཡོད་དུས་སྤྱི་འཐུས་རྣམས་ས་གནས་ས་ཐོག་ལ་ཕྱིན་ནས་དངོས་ཡོད་གནས་སྟངས་དེ་འཛིན་སྐྱོང་ལ་ར་སྤྲོད་ཐུབ་པ་ཞིག་དང། ཉམས་ཐག་དང་གཞིས་ཆགས་སོ་སོ་སྲ་བརྟན་གནས་པ། མང་གཙོའི་འཕེལ་རིམ་དང་ཆབ་སྲིད་གོ་རྟོགས་སྤེལ་བའི་ཆེད་དུ་སྤྱི་འཐུས་རྣམ་པ་ཚོས་ཐུགས་འགན་ཆེ་ཙམ་ཞིག་ག་འདྲ་བཞེས་དགོས་ཀྱི་འདུག དེ་ཚོ་ལ་ཚོགས་གཙོ་བགྲེས་གཞོན་གཉིས་ཀྱིས་སྐུལ་ལྕག་བྱེད་རྒྱུ་དང། ཚང་མས་འགན་ཁུར་ནས་མཉམ་དུ་བྱེད་དགོས་པ་ཞིག་རེད།
འདེམས་ཐོན་བཀའ་བློན་ཁྲི་པ་ད་ལྟ་འདིར་ཕེབས་བསྡད་ཡོད་རེད། ཕྱི་ཟླ་༨ པ་ཙམ་ནས་འདེམས་ཐོན་བཀའ་ཁྲི་པ་དང་བཀའ་ཤག་ག་འདྲ་ཕེབས་ཀྱི་ཡོད་ཀྱང་དེའི་མཉམ་དུ་གྲོས་ཚོགས་ཀྱིས་མཉམ་རུབ་ཀྱི་ལས་འགན་ཁུར་ནས་བོད་ཀྱི་རྩ་དོན་དེ་རྒྱལ་སྤྱིའི་ནང་དང་བོད་པའི་སྤྱི་ཚོགས་ནང། དེ་བཞིན་གང་ཅིའི་ཐོག་ནུས་པ་མཉམ་དུ་སྤུངས་ནས་གོང་བུ་གཅིག་ཏུ་བསྒྲིལ་བ་དང། དེ་རིང་སྤྱི་འཐུས་རྣམ་པ་ཚོས་ང་ལ་ཡིད་ཆེས་བྱས་ནས། ངས་ལོ་གཉིས་དང་ཕྱེད་ཀ་ལས་ཀ་བྱས་པ་དེ་ལ་ངོས་ལེན་གནང་ནས་བསྐྱར་དུ་ང་ལ་རྒྱབ་སྐྱོར་བྱས་པ་དེར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་ནང་ལ་ཡོད་པའི་བོད་མི་ཚོ་ལ་ཡིན་ཡང་ཚོགས་གཙོ་ལོ་ལྔ་བྱེད་རྒྱུའི་རིང་ལ་མ་འཇོན་ན་མ་གཏོགས། གང་ཐུབ་ཀྱིས་བོད་བསྟན་པ་ཆབ་སྲིད་དོན་དུ་ཞབས་ཕྱི་ཞུ་ཡི་ཡིན་ཞེས་གསུངས་སོང།།
{jcomments on}