བོད་ཀྱི་བུད་མེད་གཉིས་ལ་གཅར་རྡུང་།

དེ་ཡང་ཕྱི་ཟླ་ ༤ ཚེས་ ༢༢ ཉིན་ཀིརྟི་དགོན་པའི་གྲྭ་པ་ ༣༠༠ ལྷག་བཙན་ཁྲིད་བྱེད་སྐབས་འགོག་རྒོལ་བྱེད་མཁན་གྱི་རྔ་པ་རྫོང་མཐའ་བ་འགབ་མའི་འཕྲིན་ཆེན་ཚང་གི་ཆོས་ཁོ་(བུད་མེད་)། རང་ལོ་ ༤༥ ། དེ་བཞིན་མཐའ་བ་གོང་མའི་གློག་ལས་བཀྲ་ཁོའི་བུ་མོ་གསེར་སྐྱིད། རང་ལོ་ ༣༥ ཡིན་པ་ཁོང་གཉིས་ཉིན་དེར་ས་གནས་ཉེན་རྟོག་པས་འཛིན་བཟུང་གིས་ཉིན་ཉེར་ལྔའི་རིང་བཀག་ཉར་བྱས་ནས་ཕྱི་ཟླ་ ༥ ཚེས་ ༡༧ ཉིན་གློད་གྲོལ་བཏང་ཡོད་ཀྱང་། ཁོང་མོ་གཉིས་ཀྱི་སྐྲ་གཏུབ་ནས་མགོ་རིལ་བཟོས་ཡོད་པ་དང། བཀག་ཉར་བྱས་རིང་གཅར་རྡུང་མནར་གཅོད་བྱས་རྐྱེན་ད་ལྟ་རང་མགོ་མི་ཐོན་པའི་ཚད་དུ་ལྷུང་ཡོད་འདུག

ཁོང་གཉིས་བཀག་ཉར་བྱེད་དགོས་པའི་རྒྱུ་མཚན་ཕྱི་ཟླ་ ༤ ཚེས་ ༡༢ ཉིན་ཀིརྟི་དགོན་པའི་གྲྭ་པ་ལོ་ན་ ༡༨ ནས་ ༤༠ བར་ཚང་མ་ས་གནས་གཞན་དུ་བཙན་ཁྲིད་བྱེད་རྩིས་སྐབས་དམག་དཔུང་གི་མདུན་དུ་ཐོན་ནས་བཀག་འགོག་བྱས་པ་དང། དེ་ནས་བཟུང་ཉིན་བཅུ་ཙམ་རིང་ཉིན་མཚན་གཉིས་ཀར་དགོན་མཐའ་ནས་བསྡད་དེ་དགོན་པ་སྲུང་བྱ་བྱས་པ་དང། ཡང་ཕྱི་ཟླ་ ༤ ཚེས་ ༢༢ ཉིན་ཀིརྟི་དགོན་པའི་གྲྭ་པ་ ༣༠༠ ལྷག་ས་གནས་གཞན་དུ་བཙན་ཁྲིད་བྱས་སྐབས་ནུས་ཤུགས་ཡོད་དགུས་དམག་དཔུང་གི་མདུན་བཀག་པ་བཅས་ཀྱིས་ཡིན་ཞིང་། སྐབས་དེར་ལོ་ན་གཞོན་པ་རྣམས་འཛིན་བཟུང་གིས་བཀག་ཉར་བྱས་པ་དང་རྒན་པ་རྣམས་རླངས་འཁོར་ནང་དུར་ས་དང་དམག་སྒར་སོགས་སུ་ཁྱེར་ནས་གློད་ཡོད་འདུག

དེ་མིན་ཕྱི་ཟླ་ ༣ ཚེས་ ༡༦ ཉིན་མི་མང་གིས་ངོ་རྒོལ་སྐད་འབོད་བྱེད་སྐབས་སྤྲོ་ཚིགས་བཀྲ་རྒྱལ་ཚང་གི་ཕོ་གསར་སྐལ་བཟང་ལགས་འཛིན་བཟུང་བཀག་ཉར་བྱས་པ་ཁོང་ལ་མི་འགྱངས་པར་ཁྲིམས་ཐག་གཅོད་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་འདུག་ཀྱང་། ཉེས་པ་ག་རེ་བཙུགས་ཡོད་མེད་སོགས་ཞིབ་ཕྲ་ཤེས་རྟོགས་མ་བྱུང།
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༣༠ ལ།