བལ་ཡུལ་ཁྲིམས་བཟོ་ལྷན་ཚོགས་ཀྱི་དུས་ཡུན་ཕྱིར་འགྱངས།

༢༠༠༨ ལོ་ནས་མི་མང་གིས་འོས་འདེམས་ཀྱིས་འགོ་བཙུགས་པ་བལ་ཡུལ་གྲོས་ཚོགས་ནས་ད་བར་རྒྱལ་ནང་གི་ཆབ་སྲིད་ཞི་འགྲིག་མ་ཐུབ་པ་དང་། ལས་དོན་གཙོ་བོ་རྩ་ཁྲིམས་གསར་པ་ཟིན་བྲིས་མ་ཐུབ་པར་མཐའ་མའི་དུས་བཀག་ཕྱི་ཟླ་༥ པའི་ཚེས་ ༢༨ ཉིན་རྫོགས་ཡོད་པ་རེད། གཏན་འབེབས་ཀྱི་ལས་དོན་གཉིས་ཀ་དོན་འཁྱོལ་བྱུང་མེད་པའི་ཐོག་ཕྱི་ཟླ་༥ ཚེས་༢༩ཉིན་གྲོས་ཚོགས་ཀྱི་ལས་དུས་སླར་ཡང་གཙང་རྒྱུའི་གནས་སྟངས་ཆགས་ཡོད་པ་རེད།

དེའི་ཐད་བལ་ཡུལ་རྒྱལ་ནང་གི་ཆབ་སྲིད་ཚོགས་པ་དང་། སྡེ་ཚན་ཁག། ལས་བྱེད་པ་དང་ཚོང་པ། གསར་འགོད་པ། དགེ་རྒན་སོགས་ཚང་མས་ཐབས་ལམ་འདྲ་མིན་བརྒྱུད་རྒྱལ་ཡོངས་སུ་མི་འདོད་པའི་ངོ་རྒོལ་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་བ་དང་། ཁྲིམས་བཟོ་ལྷན་ཚོགས་མུ་མཐུད་དུས་ཡུན་འཕར་འགྱངས་བྱེད་མིན་སོགས་ལ་རྩོད་རྙོག་འདྲ་མིན་བྱུང་བར་དུས་བཀག་ཚང་རྗེས་ཀྱི་ཕྱི་ཚེས་༢༩ ཉིན་གྱི་ཞོགས་པ་བར་རྒྱུན་མཐུད་ནས་དེའི་ཐད་གྲོས་ཚོགས་ནང་གྲོས་མོལ་གོ་བསྡུར་རིམ་པར་བྱས་པ་དང་། ཆབ་སྲིད་ཚོགས་པ་ཆེ་ཁག་གསུམ་མཉམ་འབྲེལ་ཐོག་མཐར་དོན་ཚན་ལྔ་ཅན་གྱི་ཆ་རྐྱེན་འོག་ད་ལྟའི་ཁྲིམས་བཟོ་ལྷན་ཚོགས་བསྐྱར་དུ་ཟླ་གསུམ་རིང་དུས་ཡུན་འཕར་འགྱངས་བྱས་ཡོད་པ་རེད།

ཆ་རྐྱེན་ལྔ་བོ་དེའི་ནང་གཙོ་བོ་ཟླ་ངོ་གསུམ་ནང་ཚུད་རྒྱལ་ནང་གི་དམར་ཕྱོགས་མའོ་རིང་ལུགས་པའི་དམངས་དམག་རྣམས་བལ་ཡུལ་རྒྱལ་ཁབ་ཀྱི་གཞུང་དམག་མཉམ་ཟླ་སྒྲིལ་གཏོང་རྒྱུའི་གནད་དོན་ཐག་གཅོད་དང་། ཞི་བདེའི་ལས་དོན་ཁག་བསྒྲུབ་ཐུབ་དགོས་པ་དང་། རྒྱལ་ཁབ་ཀྱི་རྩ་ཁྲིམས་ཟིན་བྲིས་ཐོག་མ་དེ་བྱེད་ཐུབ་པ་དགོས་པ། དེ་ལྟར་མ་བྱུང་ཚེ་ད་ལྟའི་སྲིད་བློན་ནས་ཡོངས་སུ་རང་འགུལ་ཐོག་དགོངས་ཞུ་བྱས་ནས་ཆབ་སྲིད་ཚོགས་པ་ཁག་ཚང་མའི་འཐུས་མི་ཚང་བའི་གཞུང་འཛིན་འཛུགས་རྒྱུ་སོགས་འཁོད་ཡོད་པ་རེད།

འདི་ལྟར་རྒྱལ་ཁབ་ཀྱི་ཆབ་སྲིད་དཀའ་རྙོག་ཐད་མང་ཚོགས་ཁྲོད་གཙོ་བོ་སྲིད་དོན་ཚོགས་པ་ཚོས་རྒྱལ་ཁབ་དང་མི་མང་ལ་བསམ་བློ་མི་གཏོང་བར་མི་སྒེར་དང་སོ་སོའི་ཚོགས་པའི་ཁེ་ཕན་གཅིག་པུར་བསམ་བློ་བཏང་ནས་ནང་ཁུལ་དབང་ཆའི་འཐབ་རྩོད་དང་། ལྟ་བ་མི་མཐུན་པའི་འགལ་ཟླའི་འོག་ཞི་འགྲིག་མ་བྱུང་བ་དང་། རྩ་ཁྲིམས་གསར་པ་ཟིན་བྲིས་མ་ཐུབ་པ་སོགས་ཐད་ཀར་སྐྱོན་བརྗོད་དང་ཁོང་ཁྲོ་ཆེན་པོ་བྱེད་བཞིན་པ་རེད།

འདི་ལྟར་ཞི་འགྲིག་དང་རྩ་ཁྲིམས་གསར་བཟོ་ཡོང་ཆེད་ཁྲིམས་བཟོ་ལྷན་ཚོགས་ཀྱི་དུས་ཡུན་བསྐྱར་དུ་འཕར་འགྱངས་བྱས་པར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་། ཕྱིའི་རྒྱལ་ཁབ་ཁག་གཅིག་གིས་དགའ་བསུ་དང་མཉམ་དུས་བཀག་ནང་ཚུད་ལས་དོན་ཁག་བསྒྲུབ་དགོས་པ་སོགས་སྐུལ་མ་བྱས་ཡོད་འདུག། ད་ལྟའི་བལ་ཡུལ་གྱི་གྲོས་ཚོགས་འདི་བཞིན་གཞུང་དང་མའོ་ཕྱོགས་མའོ་རིང་ལུགས་པའི་བར་གྱི་གྲོས་མཐུན་ཁག་ལག་བསྟར་དང་། རྩ་ཁྲིམས་གསར་བཟོ་ཟིན་བྲིས་ཆེད་ཕྱི་ལོ་༢༠༠༨ ལོར་འགོ་བཙུགས་པ་དང་།  སྐབས་དེའི་དུས་བཀག་མི་ལོ་གཉིས་རིང་གྲུབ་འབྲས་མ་སོན་པར། དུས་ཡུན་རྫོགས་རྗེས་ལོ་ངོ་གཅིག་གི་དུས་འགྱངས་བྱས་པ་དང་། ད་ཐེངས་བསྐྱར་དུ་ཟླ་ངོ་གསུམ་གྱི་དུས་འགྱངས་བྱས་པ་ཡིན་པ་རེད།།

བལ་ཡུལ་གསར་འགོད་པས།

{jcomments on}