གྲོས་ཚོགས་དེ་ཚིག་དོན་གཉིས་ཆ་ནས་བླ་ན་མེད་པ་རེད།
ཕྱི་ཟླ་༦ པའི་ཚེས་༡ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་དང་པོ་དྷ་ས་གངས་སྐྱིད་གྲོས་ཚོགས་ཚོགས་ཁང་དུ་དབུ་འཛུགས་གནང་ཡོད་པ་རེད།
གྲོས་ཚོགས་དབུ་འཛུགས་སྐབས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། སྐབས་བཅོ་ལྔ་པའི་སྤྱི་འཐུས་རྣམ་པ་ཚོ་བདམས་ཐོན་བྱུང་ནས་དེ་རིང་ང་ཚོ་འཛོམས་པའི་ཉིན་དང་པོ་ཆགས་བསྡད་ཡོད་པ་རེད། སྤྱི་འཐུས་བརྒྱ་ཆ་ལྔ་བཅུ་ཙམ་གྲོས་ཚོགས་འདིའི་ནང་དུ་ལོ་ལྔ་དང་བཅུ། བཅོ་ལྔ་ཉི་ཤུ་ཕྱག་གནང་མྱོང་མཁན་ཡོད་རེད། བརྒྱ་ཆ་ལྔ་བཅུ་མི་མང་གིས་འོས་འདེམས་བྱས་ནས་དེ་རིང་གྲོས་ཚོགས་འདིའི་ཐོག་ལ་ཕེབས་ཡོད་པ་རེད། དེ་ཡང་ལོ་རྒྱུས་ཀྱི་ཀྱོག་མཚམས་ཤིག་དང་ལས་འགན་སྔོན་མ་ལས་ཆེ་བ་ཞིག་གི་དུས་ཚོད་ལ་སླེབས་བསྡད་ཡོད་དུས། ཚོགས་གཙོས་རེ་བ་ཞུ་རྒྱུར། ང་ཚོས་མང་གཙོའི་ལམ་སྲོལ་ལ་བསྐྱོད་ནས་ལོ་ལྔ་བཅུ་ལྷག་འགྲོ་ཡི་ཡོད་རེད། དེ་ཡིན་དུས་དེ་རིང་གྲོས་ཚོགས་འདིའི་ནང་དུ་སྤྱི་འཐུས་རྣམ་པ་ཚོ་ཤེས་ཡོན་དང་འཇོན་ཐང། ཉམས་མྱོང། གང་ཅིའི་ཐོག་ནས་སྔར་དང་མི་འདྲ་བ་སླེབས་བསྡད་ཡོད་པ་རེད། སྐབས་བཅོ་ལྔ་པའི་གྲོས་ཚོགས་འདིའི་ཐོག་ནས་གྲོས་ཚོགས་ཀྱི་གནས་ཚད་མཐོ་རུ་འགྲོ་ཡི་རེད་བསམ་པའི་རེ་བ་ཞུ་ཡི་ཡོད། དེ་བཞིན་འབད་བརྩོན་དེ་རང་གནང་གི་རེད་བསམ་གྱི་ཡོད། གྲོས་ཚོགས་འདིའི་ནང་ལ་གླེང་སློང་བྱེད་རྒྱུ་མང་ཆེ་བ་བོད་པའི་ཆོས་དང་རིག་གཞུང། ཤེས་ཡོན། དེ་བཞིན་ཆབ་སྲིད་ཀྱི་སྐོར་ལ་གལ་ཆེ་ཤོས་ཤིག་ཆགས་བསྡད་ཡོད་པ་རེད། རྒྱ་ནག་གི་ནང་དུ་ཆབ་སྲིད་ཀྱི་འགྱུར་འགྲོས་རྐྱེེན་པས་བོད་པའི་གནད་དོན་ལ་ཤུགས་རྐྱེན་ག་འདྲ་ཐེབས་ཀྱི་ཡོད་མེད། དེ་ཚོའི་སྐོར་ལ་ཚང་མས་ཐུགས་སྣང་གནང་དགོས་པའི་གནད་དོན་གཅིག་དང། འཛིན་སྐྱོང་གི་ཆ་ནས་གཞིས་ཆགས་ཁག་སྲ་བརྟན་ཡོང་བ་དང། དེ་བཞིན་མང་གཙོའི་འཕེལ་རིམ་དང་ཆབ་སྲིད་ཀྱི་གོ་རྟོགས། ཤེས་ཡོན་གྱི་གནས་ཚད་ཡར་རྒྱས་གཏོང་རྒྱུ་ལ་སོགས་པའི་གནད་དོན་མང་པོ་ཞིག་ཆགས་བསྡད་ཡོད་པ་རེད། དཔལ་འབྱོར་གྱི་ཐོག་ནས་གྲོས་ཚོགས་འདིའི་ཐོག་ནས་དཔལ་འབྱོར་གྱི་སྟངས་འཛིན་གནང་དགོས་པ་དང། སྟངས་འཛིན་གནང་བ་བརྒྱུད་ནས་བཙན་བྱོལ་བོད་གཞུང་གི་ལས་འཆར་གང་ཡོད་པ་དེ་དག་ཆ་ཚང་ཞིག་གྲོས་ཚོགས་འདི་ནས་འགན་ཁུར་དགོས་ཀྱི་ཡོད་པ་རེད། དེར་བརྟེན་གནས་ཚུལ་དངོས་ཡོད་གང་ཡོད་པ་ཤེས་པའི་ཐོག་ནས་གྲོས་ཚོགས་འདིའི་ནང་བཀའ་མོལ་གནང་དགོས་པ་གལ་ཆེན་པོ་རེད། དངོས་ཡོད་གནས་སྟངས་ལ་གཞི་མ་བཅོལ་བར་བཀའ་མོལ་གནང་ཡོང་དུས་རང་བཞིན་གྱིས་གྲོས་ཚོགས་ཀྱི་ཆེ་མཐོང་ལ་སྐྱོན་གཏོང་གི་ཡོད་པ་དེ་གསལ་པོ་རེད་ཅེས་སོགས་གསུངས་སོང།
དེ་རྗེས་བཀའ་བློ་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེས་སྐབས་བཅོ་ལྔ་པའི་སྤྱི་འཐུས་རྣམས་ལ་དགའ་བསུའི་གསུང་བཤད་གནང་དོན། སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་དང་པོའི་ཐོག་དགའ་བསུའི་འཚམས་འདྲི་ཞུ་བའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང། སྐབས་བཅོ་ལྔ་པའི་གྲོས་ཚོགས་ནང་དུ་བསྐྱར་དུ་འོས་འདེམས་ཀྱིས་ཕེབས་པའི་སྤྱི་འཐུས་རྙིང་པ་རྣམས་དང། དེ་རིང་ཐོག་མར་འོས་ཐོན་བྱུང་ནས་ཕེབས་པའི་སྤྱི་འཐུས་གསར་པ་ཚང་མ་ལ་སྙིང་གི་གཏིང་ནས་དགའ་བསུ་དང་འཚམས་འདྲི་ཞུ་རྒྱུ་ཡིན། སྐབས་བཅོ་ལྔ་པ་ཟེར་དུས་མང་གཙོའི་རྒྱུན་སྲོལ་ནང་དུ་མྱོང་གོམས་རྒྱུན་རིང་ཕྱིན་ཟིན་པའི་ནར་སོན་པའི་གྲོས་ཚོགས་ཤིག་ཡིན་པ་མཚོན་ཐུབ་ཀྱི་ཡོད་པ་རེད། ད་ལྟ་ཕན་ཆད་ལ་སྐབས་བཅུ་བཞིའི་རིང་ལ་ཕྱག་ལས་གནང་ཟིན་པ་ཞིག་རེད། དེ་ཙམ་དུ་མ་ཟད་ཨང་གྲངས་ཀྱི་ངོས་ནས་བལྟས་པ་ཡིན་ཡང་བཅོ་ལྔ་པ་དེ་རྟེན་འབྲེལ་ཡག་པོའི་ཨང་གྲངས་ཤིག་ཏུ་བོད་པ་དང། རྒྱ་གར། རྒྱ་མི་ཚང་མས་བརྩི་བ་ཞིག་རེད་ཅེས་དང།
མུ་མཐུད་གསུང་དོན། གལ་གནད་ཆེ་བའི་བྱུང་རབས་ཀྱི་འགྱུར་མཚམས་ཤིག་གི་སྐབས་སུ་ཕེབས་པའི་གྲོས་ཚོགས་ཡིན་སྟབས། དེའི་ངོས་ནས་སྐབས་བཅོ་ལྔ་པ་དེ་ཧ་ཅང་གལ་གནད་ཆེ་བའི་གྲོས་ཚོགས་ཤིག་ཡིན་པ་དེ་ང་ཚོས་ངོས་འཛིན་གསལ་པོ་ཞུ་ཐུབ་པ་ཞིག་རེད། ལྷག་པར་དུ་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཀྱི་གྲུབ་ཆ་དེ་གཞན་དང་མི་འདྲ་བའི་ཁྱད་ཆོས་མང་པོ་ཡོད་པ་ཞིག་ཆགས་འདུག གང་རེད་ཅེ་ན། བརྒྱ་ཆ་ལྔ་བཅུ་རྒྱུན་འཛིན་གྱི་སྤྱི་འཐུས་རྙིང་པ་ཚོ་ཕེབས་པ་དང། བརྒྱ་ཆ་ལྔ་བཅུ་གསར་པ་ཕེབས་པ་ཡིན་སྟབས། གསར་རྙིང་གི་ལྗིད་ཡང་དོ་སྙམ་པ་དང། སྲོལ་རྒྱུན་དང་གསར་གཏོད་གཉིས་ཆ་མཉམ་བསྐྱོད་ཐུབ་པ་ཡོང་བའི་གནས་སྟངས་ཤིག་ཆགས་པ་རེད། དེ་དང་ཆབས་ཅིག་ན་ཚོད་ཀྱི་ཆ་ནས་བལྟས་ན། རྒན་པ་དང་གཞོན་པ་གཉིས་ཀྱི་ཕལ་ཆེར་བརྒྱ་ཆ་ལྔ་བཅུ་རེ་འདྲ་པོ་ཆགས་བསྡད་ཡོད་པ་རེད། དེ་མི་རབས་ཀྱི་མཚམས་སྦྱོར་དང་རྒན་གཞོན་གྱི་མཚམས་སྦྱོར་ཆ་ནས་ཡག་པོ་ཞེ་དྲག་ཆགས་འདུག་བསམ་གྱི་འདུག དེ་བཞིན་བོད་ནང་ལ་གནའ་སྔ་མོ་ནས་ཕོ་མོ་འདྲ་མཉམ་ཟེར་བ་ཡོད་པ་རེད། ནུབ་ཕྱོགས་ལ་དེང་སང་དགོས་རེད་ཅེས་བཤད་དགོས་པ་ཞིག་རེད། ང་ཚོས་དགོས་པ་རེད་ཅེས་བཤད་མི་དགོས་པར་སྐུ་སྐྱེ་མ་སྔོན་ལས་མང་བ་གྲོས་ཚོགས་ནང་དུ་ཕེབས་ཐུབ་པ་རེད། དེའི་ཐོག་ནས་བོད་ཀྱི་ཡུལ་གོམས་གཤིས་ལུགས་དེ་རྗེས་ལུས་ཐེབས་པ་མ་ཡིན་པ་ཞིག་དང། ནུབ་ཕྱོགས་པ་ལ་མ་ལྟོས་པར་ང་ཚོ་སྔོན་དུ་ཕེབས་ཀྱི་ཡོད་པ་ཞིག་གསལ་པོ་མཚོན་ཐུབ་ཀྱི་ཡོད་པ་རེད། ལྷག་པར་དུ་དགའ་བསུ་ཞུ་དགོས་པ་ཞིག་ལ། གྲོས་ཚོགས་ཀྱི་གྲུབ་ཆ་འདིའི་ནང་དུ་མཁས་དབང་དང། དགེ་བཤེས། ཨཱཙརྱ། རྩོམ་པ་པོ། ཞུ་དག་པ། དགེ་རྒན་དེ་འདྲ་མང་པོ་ཕེབས་འདུག དེ་ཞེ་དྲག་གནད་འགག་ཆེན་པོ་རེད། གྲོས་ཚོགས་སྔོན་མར་དགེ་བཤེས་དང་ཨཱཙརྱ་མང་པོ་ཡོད་རེད། ད་དུང་མཁན་པོ་དང་སློབ་དཔོན། དེ་བཞིན་རྒྱུན་དུ་ཤེས་ཡོན་སློབ་གསོ་དང་ཉམས་ཞིབ་ཀྱི་ཕྱག་ལས་གནང་མཁན་མང་པོ་ཡོད་པ་དང། ཆབས་ཅིག་ཏུ་སྤྱི་ཚོགས་ལས་འགུལ་བ་དེ་འདྲ་མང་པོ་ཕེབས་ཡོད་པ་རེད། དེར་བརྟེན་ང་ཚོ་གྲངས་ཀ་བཞི་བཅུ་ཞེ་གྲངས་ཤིག་མ་གཏོགས་མེད་པ་ཡིན་ཡང། གྲངས་ཀ་དེའི་ནང་དུ་སྤྱི་ཚོགས་ཀྱི་གནས་བབ་ཡོངས་སུ་རྫོགས་པ་མཚོན་ཐུབ་པ་དང་སྐུ་ཚབ་བྱེད་ཐུབ་པའི་གྲོས་ཚོགས་ཀྱི་གྲུབ་ཆ་བཟང་པོ་ཆགས་ཡོད་དུས། ཐེ་ཚོམ་མེད་པར་གྲོས་ཚོགས་ལས་རིམ་གྱི་གནས་ཚད་མཐོ་རུ་འགྲོ་རྒྱུ་དང། ལྷག་པར་བགྲོ་གླེང་གི་གནས་ཚད་མཐོ་རུ་འགྲོ་རྒྱུ་ཡིན་པ། ཚད་མ་རིག་པ་ལ་སྦྱངས་པའི་ཚོགས་མི་མང་པོ་ཡོད་པའི་རྒྱུ་མཚན་གྱིས་མ་འོངས་པར་བགྲོ་གླེང་དེ་ཚོ་རིག་པའི་རྣམ་གཞག་དང་མཐུན་པ་ཞིག་ཡོང་བའི་རེ་བ་ཆེན་པོ་ཡོད་རེད་བསམ་གྱི་ཡོད་ཅེས་དང།
མུ་མཐུད་གསུང་དོན། ལྷག་པར་དུ་བཀའ་ཤག་གི་བསམ་བློའི་ནང་དུ་རེ་བ་གསར་པ་ག་རེ་བརྙེད་པ་རེད་ཟེར་ན། སྐབས་བཅུ་གཅིག་པའི་སྤྱི་འཐུས་ཀྱིས་བཅའ་ཁྲིམས་རིན་པོ་ཆེ་གཏན་ལ་ཕབ་པའི་སྐབས་སུ་ཆོས་ལུགས་རིས་མེད་ཀྱི་ལྟ་གྲུབ་ལ་ཐུགས་སྨོན་གནང་མཁན་ཞེ་དྲག་ཉུང་ཉུང་རེད། ༧སྐྱབས་མགོན་རིན་པོ་ཆེས་གྲོས་ཚོགས་ལ་གནང་བའི་བཅའ་ཁྲིམས་ཟིན་བྲིས་ཀྱི་ནང་དུ་ཆོས་ལུགས་རིས་མེད་ཀྱི་ཚིག་བཀོད་ཡོད་རེད་དེ། གྲོས་ཚོགས་ནས་མ་མཐུན་པ་རེད། དེ་མ་མཐུན་པ་དེ་ད་དུང་ཡང་༧སྐྱབས་མགོན་རིན་པོ་ཆེའི་ཐུགས་ལ་ཡོད་པ་ཞིག་རེད། ཁ་སང་སྐབས་བཅུ་བཞི་པའི་གྲོས་ཚོགས་ནང་གསུང་འཕྲིན་ཕེབས་པ་དེའི་ནང་དུ་སྔོན་མ་ཟིན་བྲིས་ནང་ལ་ཆོས་ལུགས་རིས་མེད་དང་ཡུལ་མིའི་རྒྱལ་ཁབ་ཅེས་བཀོད་ཡོད་ཅེས་བཀའ་གནང་འདུག ཁ་སང་སྐབས་བཅོ་ལྔ་པའི་སྤྱི་འཐུས་དམ་འབུལ་སྐབས་སུ་ང་ཚོས་ཞིབ་ཚགས་པོའི་ཐོག་ནས་དོ་སྣང་བྱས་པ་ཡིན། ད་ཆ་ཁས་ལེན་གཙང་མ་གནང་མཁན་ཞེ་དྲག་མང་བ་དང། མཆོག་གསུམ་དཔང་བཙུགས་ཀྱི་དམ་བཅའ་གནང་མཁན་ཞེ་དྲག་ཉུང་དུ་ཕྱིན་འདུག དེའི་རྒྱུ་མཚན་ལ་བརྟེན་ནས་མ་འོངས་པར་བཅའ་ཁྲིམས་ཀྱི་ནང་དུ་ཆོས་སྲིད་ཟུང་འབྲེལ་གྱི་ཚབ་ཏུ་ཆོས་ལུགས་རིས་མེད་བཀོད་པའི་གྲོས་འཆར་བྱུང་བ་ཡིན་ན་ཏན་ཏན་ཕེབས་མདོག་ཁ་པོ་རེད་བསམ་པའི་རེ་བ་རྙེད་ཐུབ་པ་ཞིག་འདུག དེ་མངོན་གསལ་དོད་པོ་དང་མངོན་གསལ་དོད་པོ་མེད་པ་གཉིས་ཆ་ནས་སྤྱི་ཚོགས་འགྱུར་འགྲོས་དང། མང་གཙོའི་ལམ་སྲོལ་གྱི་འཕེལ་རིམ། ཤེས་ཡོན་གནས་བབ་ཀྱི་ཡར་རྒྱས་སོགས་ཀྱི་ཐོག་ལ་མཚོན་རྟགས་མང་པོ་མཇལ་ཐུབ་ཀྱི་ཡོད་པ་རེད། ལྷག་པར་དུ་༧གོང་ས་སྐྱབས་མགོན་ཆེན་པོས་འདས་པའི་ལོ་༥༢ གྱི་རིང་ལ་མང་གཙོའི་ལམ་སྲོལ་དང། མང་གཙོའི་སྒྲིག་འཛུགས། མང་གཙོའི་ལེགས་བྱང་གོང་འཕེལ་གནང་བར་ཐུགས་བརྩོན་རྒྱུན་མཐུད་གནང་བ་དེ་ཏན་ཏན་གྲུབ་འབྲས་ཐོན་འདུག་བསམ་པའི་རྗེས་སུ་ཡི་རང་ཡོང་ཐུབ་པ་ཞིག་ཆགས་སོང། དེ་འདྲ་ཡིན་དུས་སྐབས་བཅོ་ལྔ་པའི་གྲོས་ཚོགས་འདིའི་ཐོག་ནས་གཞིས་བྱེས་བོད་མི་ཡོངས་སུ་རྫོགས་པའི་རེ་བ་དང། གདེང་འཇོག་ཆེན་པོ་ཞེ་དྲག་ཡོད་པ་དེ་རྣམ་པ་ལྷན་རྒྱས་ཚོས་མཁྱེན་གྱི་རེད་ལ། དེ་མཁྱེན་པ་གནང་རོགས་ཞེས་བཀའ་ཤག་གི་ངོས་ནས་གསོལ་འདེབས་ཞུ་བའི་བློ་ཁོག་ཅིག་ཡོད།
གལ་ཆེ་བ་ཞིག་ལ། བཅའ་ཁྲིམས་དོན་ཚན་ལྔ་བཅུ་ང་ལྔའི་ཆ་རྐྱེན་གྱི་ནང་དུ་གྲོས་ཚོགས་ཕྱིར་བསྡུ་བྱེད་པའི་ཆ་རྐྱེན་དང། ལྔ་བཅུ་ང་དྲུག་གི་ནང་དུ་ཁྲིམས་དང་སྒྲིག་གཞི་མང་མོས་ཐག་གཅོད་དུ་གཏོང་རྒྱུའི་ཆ་རྐྱེན་གཉིས་ཀ་ཕྱིར་བསྡུ་གནང་བ་ཡིན་སྟབས། གྲོས་ཚོགས་དེ་ཚིག་དང་དོན་གཉིས་ཀའི་ཆ་ནས་བླ་ན་མེད་པ་རེད། དེ་ལ་འགུལ་བསྐྱོད་རྒྱག་ཐུབ་མཁན་གྱི་ཁྲིམས་དང་ནུས་པ་གཉིས་ཀ་གང་ཡང་ལྷག་ཡོད་མ་རེད། དེའི་གནས་བབ་དེ་ཐུགས་ངོ་མཁྱེན་པ་ཞིག་དང། ཐུགས་ངོ་མཁྱེན་པའི་ཐོག་ནས་གནས་བབ་དེ་བེད་སྤྱོད་ཁྲིམས་དང་མཐུན་པ། ལམ་ལུགས་སྲོལ་དང་མཐུན་པ་ཞིག་གནང་དགོས་པ་རེད་ཅེས་སོགས་གསུངས་སོང།
གཞན་ཡང་གྲོས་ཚོགས་ཉིན་གཉིས་རིང་ལ་བོད་ནང་དུ་རྒྱ་གཞུང་གིས་དམ་དྲག་ནན་པོ་བྱེད་བཞིན་པ་དང། ལྷག་པར་དུ་རྔ་པ་ཀིརྟི་དགོན་པར་ད་དུང་དམ་དྲག་ནན་པོའི་འོག་ཡོད་པ་དེར། ཛ་དྲག་གི་གནས་སྟངས་ཞི་འཇགས་ཡོང་བའི་ཐབས་ཚུལ་ལ་བསམ་ཞིབ་བྱེད་དགོས་པའི་འབོད་སྐུལ་ནན་ཏན་དང། རྒྱལ་སྤྱིའི་ཚོགས་སྡེ་དང་རང་དབང་གསར་འགོད་པ་ས་གནས་སུ་ངོ་བསྐྱོད་ཐུབ་པ་དགོས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་སྤྱི་མོས་གྲོས་ཆོད་བཞག་པ་མ་ཟད། གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་དེའི་ཐད་གྲོས་སྡུར་ལྷུག་པོ་གནང་རྒྱུ་ཡིན་པ་རེད།།
{jcomments on}