ཚོགས་གཙོ་དང་གྲོས་ཚོགས་ཀྱི་ཁོར་ཡུག
དབུས་གཙང་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་གཉིས་འོས་གྲངས་༡༩ རེ་འདྲ་མཉམ་བྱུང་བ་དང། དབུས་གཙང་སྤྱི་འཐུས་པདྨ་འབྱུང་གནས་ལགས་སུ་འོས་གྲངས་༤ བྱུང་བར་གོང་གསལ་འོས་གྲངས་མཐོ་ཤོས་གཉིས་བསྐྱར་དུ་འོས་འདེམས་བྱས་པར་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་སུ་འོས་གྲངས་༡༩ རང་འཇགས་དང་སྤེན་པ་ཚེ་རིང་ལགས་སུ་འོས་གྲངས་༢༢ ཐོབ་ནས་སྐབས་བཅོ་ལྔ་པའི་ཚོགས་གཙོའི་རྒྱལ་ཁ་ཐོབ་ཡོད་པ་རེད།
སྐབས་བཅོ་ལྔ་པའི་སྤྱི་འཐུས་ལྷན་ཚོགས་སུ་ད་ལྟའི་ཆར་སྤྱི་འཐུས་༤༢ ཡོད་པ་དང། དེའི་ནང་དུ་སྤྱི་འཐུས་གསར་པ་གྲངས་༢༡ སླེབས་ཡོད་པ་ནི་ད་ལྟའི་སྤྱི་འཐུས་ཀྱི་རྩ་འབོར་དང་བསྡུར་ན་ཏག་ཏག་བརྒྱ་ཆ་༥༠ སྐབས་བཅུ་བཞི་པའི་ནང་དུ་མེད་པའི་གསར་པ་འབའ་ཞིག་རེད། དེར་བརྟེན་གྲོས་ཚོགས་ཀྱི་ཁོར་ཡུག་དེ་ལ་རེ་བ་གསར་པ་ཞིག་རྒྱག་ཆོག་པ་དང། མ་འོངས་པའི་གྲོས་ཚོགས་ཀྱི་ལས་དོན་གང་དང་གང་གི་ཐོག་ཡིན་ཡང་ཆིག་སྒྲིལ་གྱི་ནུས་པ་ཐོན་ཐུབ་པའི་རེ་བ་ཡོད་པ་ཞིག་རེད། སྐབས་འདིའི་ཚོགས་གཙོའི་འོས་འགྲན་གྱི་དངོས་གཞིའི་འོས་བསྡུའི་སྐབས་འོས་གྲངས་༡༩ རེ་འདྲ་མཉམ་བྱུང་བ་དེ་ནང་ཁུལ་འཐེན་ཁྱེར་གྱི་དབང་དུ་སོང་བ་ཞིག་མིན་པ་ཕྱོགས་རེ་ཟུང་ནས་ཧ་ཅང་གསལ་པོར་གྱུར་ཡོད། ཚོགས་གཙོ་དང་ཚོགས་གཞོན་གྱིས་སྣེ་ཁྲིད་དེ་གྲོས་ཚོགས་ཀྱི་ཁོར་ཡུག་ཞི་འཇམ་དང་གཅིག་སྒྲིལ་གྱི་རྣམ་པ་གསར་པ་ཞིག་བསྐྲུན་ཐུབ་དགོས་པ་ཕྲག་ཏུ་བབས་པའི་འོས་འགན་གཙོ་བོ་ཡིན།
འདས་ཟིན་པའི་སྤྱི་འཐུས་སྐབས་བཅུ་བཞི་པའི་ཁོར་ཡུག་ནང་དུ་བསྒྲུབ་དགོས་པའི་ལས་དོན་གལ་ཆེ་མང་དག་ཅིག་བསྒྲུབ་ཡོད་ལ། དེ་བཞིན་གཞི་མེད་རྙོག་འཛིངས་དང་དོན་མེད་ཀྱི་ཕྱོགས་སྒྲིལ་བྱས་པའི་ལོ་རྒྱུས་ཡིད་སྐྱོ་དགོས་པའང་མང་པོ་ཞིག་ཁྲ་ལམ་མེར་ཡལ་མེད་དུ་མངོན་ཡོད། ཐེངས་འདིར་དགོས་ངེས་པ་ནི་སྤྱི་འཐུས་ཚོགས་གཙོ་གསར་པ་ཞིག་དང་ཕྱོགས་ཞེན་གྱི་ནད་རྙིང་གིས་ཟིན་པའི་ནག་ཐིག་གཏན་ནས་མེད་པའི་མི་གཙང་མ་ཞིག་སླེབས་དགོས་པ་དེ། མ་འོངས་པའི་བཙན་བྱོལ་བོད་མིའི་ཆིག་སྒྲིལ་གྱི་དགོས་མཁོའམ་ཆ་རྐྱེན་གལ་ཆེན་ཞིག་ཏུ་གྱུར་ཡོད། སྐབས་འདིའི་གྲོས་ཚོགས་ནང་ཉམས་མྱོང་ཅན་གྱི་ཚོགས་གཙོ་ཟུར་པ་བཞི་སླེབས་ཡོད་པ་དང། དེ་དག་ཙམ་མ་ཡིན་པར་དྲང་ཚུགས་དང་གནའ་དེང་གི་ཤེས་ཡོན་དང་བཟང་སྤྱོད་གཉིས་ལྡན། ཉམས་མྱོང་འཇོན་ཐང་ཅན་གྱི་མི་སྣ་གྲོས་ཚོགས་ཀྱི་ཚོགས་གཙོར་འོས་པའང་སླེབས་ཡོད་པ་རེད།
འདས་ཟིན་པའི་སྐབས་བཅུ་བཞི་པའི་གྲོས་ཚོགས་ནང་གི་གླེང་རྙོག་དེ་དག་ལ་ཕྱི་མིག་ཅིག་བལྟས་ན་སྤྱི་འཐུས་ཕལ་བ་ཁག་ཅིག་གིས་མ་འགྲིག་པ་ཙམ་གཏན་ནས་མ་ཡིན་པར། གནད་དོན་དེ་དག་དང་དེའི་རྒྱབ་ལྗོངས་སུ་ཚོགས་གཙོ་ཚོགས་གཞོན་གྱི་འཆར་གཞི་ལྡན་པའི་ཇུས་འགོད་རེ་སྐབས་དུས་སོ་སོར་ཡོད་སྲིད་པ་ལྟ་བུ་སྤྱི་ཚོགས་ནང་ཙམ་དུ་མ་ཟད། གྲོས་ཚོགས་ནང་དུའང་བརྗོད་མཁན་མང་པོ་བྱུང་ཡོད། རྒྱ་མཚོ་ཆེན་པོར་བགྲོད་པའི་སྐབས་གྲུ་དཔོན་ཡག་པོ་དགོས་པ་གཙོ་ཆེ་ཤོས་ཡིན་པ་ལྟར། གྲོས་ཚོགས་ཤིག་གི་ལས་དོན་བྱེད་ཕྱོགས་ཀྱི་ཐོག་ནས་ཀྱང་ཚོགས་གཙོ་ཚོགས་གཞོན་དྲང་བདེན་ཁ་ཞེ་གཉིས་མེད་ཅིག་ཡོད་དགོས་པ་དེ་ཧ་ཅང་གལ་ཆེན་པོར་གྱུར་ཡོད། ད་ལན་ཚོགས་གཙོ་དང་ཚོགས་གཞོན་གསར་པ་གཉིས་ཀྱིས་ཀྱང་འདྲ་མཉམ་དང་གཅིག་གྱུར་སྤྱི་དོན་གཙོ་བོར་བཟུང་ནས་ལས་དོན་བསྒྲུབ་དགོས་པ་དེ་གལ་ཆེན་པོར་གྱུར་ཡོད་ལ། དེ་མཚུངས་བཞིན་བོད་གཞུང་གི་སྒྲིག་འཛུགས་དང་བོད་མིའི་རྩ་དོན་ལ་དགོངས་པ་ཆེར་བཞེས་གནང་རྒྱུའི་རེ་བ་ཆེན་པོ་ཡོད།
ཐེངས་འདིའི་ཚོགས་གཙོའི་འོས་འཕེན་སྐབས་གདམ་བྱའི་གང་ཟག་གི་འཇོན་ཐང་དང་ཤེས་ཡོན། གཙོ་བོ་བརྟན་ཚུགས་དང་དྲང་བདེན་གྱི་གནད་དོན་ལ་གཞི་མ་བཅོལ་བ་མ་ཟད། གང་ཟག་དེ་དང་དེ་ལ་རྒྱབ་སྐྱོར་བྱེད་མཁན་རྣམས་དུས་རྒྱུན་སྣང་བར་མི་འགྲོ་བའི་ལྟ་ཚུལ་ཐོག་ནས་རྒྱབ་སྐྱོར་ངེས་པར་འོས་པའི་མི་ལ་རྒྱབ་སྐྱོར་མ་བྱས་པའི་གནས་ཚུལ་ཡང་བྱུང་སོང། དོན་དངོས་ཐོག་དེ་ལྟར་བྱེད་མཁན་གྱི་མི་རེ་ཟུང་ལ་མཚོན་ན་རྟོན་བཞིའི་འཇུག་ལྡོག་ནོར་བའི་བྱེད་སྟངས་ཤིག་དང། “ཤིག་ལ་གནོད་སྐྱེལ་བའི་ཆེད་རང་གི་སློག་རུལ་མེར་སྲེག་བཏང་”བའི་གཏམ་དཔེ་དང་གཅིག་མཚུངས་སུ་གྱུར་འདུག་སྙམ། གང་ལྟར་ཡང་སྐབས་བཅུ་བཞི་པར་གླེང་རྙོག་མང་པོ་བྱུང་ཡོད་པ་ལྟར། སྐབས་བཅོ་ལྔ་པའི་སྤྱི་འཐུས་ལྷན་ཚོགས་སུ་ནང་ཁུལ་གྱི་ཆབ་སྲིད་གཡོ་བྱུས་ཁག་སྔར་གྱི་རྒྱུན་དེ་མ་ཆད་པར་རང་འཇགས་སུ་ལྷག་མེད་པ་ཞིག་དགོས་པ་དེ་གལ་ཆེན་པོར་གྱུར་ཡོད་པ་དང། མང་མོས་ཀྱིས་རྒྱལ་ཁ་ཐོབ་པ་སུ་ཡིན་ཡང་དེ་ལ་ཚང་མས་གཅིག་གྱུར་གྱིས་གུས་བཀུར་དགོས་པའང་བཟློག་ཏུ་མེད་པའི་མང་གཙོའི་འོས་འགན་ཉག་གཅིག་ཡིན།།