གསོ་རིག་དེ་བོད་པས་ཐུན་མིན་གསར་གཏོད་བྱས་པ་ཞིག་རེད།

ཟླ་འདིའི་ཚེས་༢ ཉིན་སྨན་རྩིས་ཁང་མཐོ་སློབ་ཁང་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་མཛད་སྒོ་ཞིག་འཚོགས་ཡོད་པ་རེད། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་༧དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་དང། དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། སྨན་རྩིས་ཁང་གི་དགེ་ལས་སློབ་མ་རྣམས་ཕེབས་ཡོད་པ་རེད།

mantsikhang04སློབ་སྤྱི་སྨན་རམས་པ་བསྟན་པ་ཆོས་འཕེལ་གྱིས་དུས་དྲན་ངོ་སྤྲོད་དང་ལས་བསྡོམས་སྙན་སྒྲོན་གནང་རྗེས། སྨན་རྩིས་མཐོ་སློབ་ཁང་གིས་དཔར་སྐྲུན་བྱས་པའི་དཔེ་དེབ་《ཚེ་ཡི་རིག་བྱེད་ཀྱི་ཤེས་བྱའི་ཟེགས་མ་》 དང། 《བོད་ཀྱི་སྲོལ་རྒྱུན་རྩིས་རིག་ལས་གྲངས་རྩིས་རིག་པའི་རྨང་གཞིའི་ཤེས་བྱ་ངོ་སྤྲོད་སྙིང་བསྡུས་བྱས་པ་བློ་གསལ་བྱིས་པའི་མགུལ་རྒྱན》 《བྱ་བྲལ་བ་ཞིག་གི་སྐུ་ཚེའི་ཉམས་རྟོག》 ཅེས་པའི་དཔེ་དེབ་གསུམ་འཕྲོད་བསྟེན་བཀའ་བློན་མཆོག་གིས་དབུ་འབྱེད་གནང་སོང། དེ་ནས་དུས་དེབ་གངས་རིའི་ལང་ཚོའི་རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྣམས་དང། རྩོམ་ཡིག་ལེགས་གྲས་དྲུག་ལ་བཀའ་བློན་ཁྲི་པ་མཆོག་གིས་བྱ་དགའ་གནང་བ་དང། སྨན་རྩིས་ཁང་གི་འགན་འཛིན་བླ་ཞབས་ཚེ་དབང་རྟ་མགྲིན་མཆོག་གིས་གསུང་བཤད་སྒྲོགས་སྦྱང་གནང་དོན། བོད་གཞུང་སྨན་རྩིས་ཁང་ལ་དམིགས་ཡུལ་གསུམ་ཡོད་པ་ནི། དང་པོ། རང་རེ་ཁ་བ་རི་པ་རྣམས་ཀྱི་བསོད་ནམས་ཀྱི་བགོ་སྐལ་དུ་ཐོབ་པ། མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ། ༧གོང་ས་ལྷ་མིའི་རྣམ་འདྲེན། ༧སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པོ་ཆེན་པོ་མཆོག་གི་སྐུའི་འཕྲོད་བཞེས་ཞབས་ཞུ་དང། གཉིས་པ། བོད་ཀྱི་གསོ་རྩིས་རིག་པ་འཛིན་པའི་ཆེད་ལས་ཀྱི་རྐང་འཛིན་མི་སྣ་གསོ་སྐྱོང་བྱེད་རྒྱུ། གསུམ་པ། བོད་ཀྱི་གསོ་རྩིས་རིག་པའི་ཁྱད་ནུས་ལ་བརྟེན་ནས་མིའི་སྤྱི་ཚོགས་ཀྱི་བདེ་རྩ་དང་ཡར་རྒྱས། འཕྲོད་བསྟེན་ལ་ཕན་པ་སྐྲུན་རྒྱུ་བཅས་ཡིན་ཞེས་སོགས་སྒྲོགས་སྦྱང་གནང་སོང།

mantsikhang05དེ་རྗེས་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེས་གསུང་བཤད་གནང་དོན། བོད་གངས་ཅན་གྱི་ལྗོངས་སུ་རྒྱ་གར་ནས་ནང་དོན་རིག་པ་གཙོས་པའི་རིག་པའི་གནས་ཆེན་ལྔ་དང་ཡང་ན་བཅུ་ཕྲག་རིག་པའི་གནས་ཧ་ཅང་གཞི་རྒྱ་ཆེན་པོ་ཞིག་དར་རྒྱས་བྱུང་བ་རེད། དེ་ཚོའི་ནང་ནས་གསོ་བ་རིག་པ་དེ་ཟུར་དུ་ཐོན་པ་ཞིག་རེད། དེ་ག་རེ་རེད་ཅེ་ན། རིག་གནས་གཞན་པ་ཚང་མ་རྒྱ་གར་གྱི་རིག་གནས་དང། རིག་གནས་དེ་དག་སྟོན་པའི་རིག་པའི་གཞུང་ལུགས་རང་ལ་ཆ་བཞག་ནས་བོད་པའི་གསར་བཟོ་དང་གསར་གཏོད་རྩ་བ་ནས་མེད་པའི་འབད་བརྩོན་གནང་བ་རེད། ལྷག་པར་དུ་ལྟ་གྲུབ་དང་ནང་དོན་རིག་པ། གསང་སྔགས་ཀྱི་རིག་པ། དེ་ཚོའི་རིགས་ལ་རྒྱུད་དང་རྒྱ་གཞུང་གི་ཁུངས་མེད་པ་ཡིན་ན། རྒྱ་གར་མཁས་པས་བཤད་པ་དང། སྟོན་པ་བདེ་བར་གཤེགས་པས་གསུངས་པ་ལྟར་ཁུངས་ལུང་མེད་པ་ཡིན་ན། བོད་པས་ནམ་ཡང་གསར་གཏོད་དང། རྒྱས་སྤྲོས། བཤད་སྲོལ་དེ་འདྲ་མི་ཡོང་བར་འབད་བརྩོན་གཙོ་བོར་བྱས་ནས་ཆུ་མགོ་གངས་ལ་ཐུག་པ་བཞིན། རྒྱ་གར་དུ་སྟོན་པ་བདེ་བར་གཤེགས་པ་ལ་ཐུག་དགོས་པའི་འབད་བརྩོན་བྱས་པ་རེད། ཡིན་ནའང་གསོ་བ་རིག་པ་དེ་རྒྱ་གར་གྱི་ཚེ་ཡི་རིག་བྱེད་ལ་ཁུངས་གཏུགས་པ་སྨྲོས་མེད་རེད་དེ། ཁུངས་གཏུགས་པའི་རྗེས་སུ་བོད་པ་རང་གིས་བོད་ལ་ནང་ཆོས་མ་དར་བའི་སྔོན་ནས་ཡོད་པའི་གསོ་བ་རིག་པའི་སྲོལ་རྒྱུན་དང། ནང་ཆོས་དར་བའི་རྗེས་སུ་ཁྱིམ་མཚེས་རྒྱལ་ཁབ་རྒྱ་ནག་དང། དབུས་ཨེ་ཤ་ཡ་དང། ཏ་ཟིག་ལ་སོགས་པ་ནས་དར་བའི་གསོ་རིག་གི་ལེགས་ཆ་མཐའ་དག་བླངས་པའི་ཐོག་ནས་བོད་པས་གསར་གཏོད་བྱས་པའི་ཐུན་མོང་མ་ཡིན་པའི་གསོ་བ་རིག་པའི་རིག་གནས་རླབས་ཆེན་ཞིག་བྱུང་བ་རེད་ཅེས་དང། བོད་ཀྱི་གསོ་རིག་དང་རྒྱ་གར་གྱི་ཚེ་ཡི་རིག་བྱེད་གཉིས་དབྱེ་བ་ཕྱེ་མ་ཐུབ་པར་གང་འཚམ་ལྷག་པ་དང། དེ་རྗེས་ཝར་ཎ་ཆེས་མཐོའི་སློབ་གཉེར་ཁང་གིས་ཐུགས་འགན་རྐང་བཞེས་གནང་བའི་ཐོག་ནས་དེང་སང་རྒྱ་གར་གཞུང་གི་ཁྲིམས་མཐུན་གྱི་ཐོག་ནས་བོད་ཀྱི་གསོ་རིག་ཅེས་པ་ལོགས་སུ་ཡོད་པའི་ངོས་ལེན་ཐོབ་ཡོད་པ་དེས། རྒྱལ་སྤྱིའི་ནང་དུ་བོད་ཀྱི་གསོ་བ་རིག་པ་ཡར་རྒྱས་འགྲོ་བར་ཕན་ཐོགས་བྱུང་ཡོད་པའི་སྐོར། དེ་བཞིན་སྨན་རྩིས་མཐོ་སློབ་དེ་རྒྱ་གར་གཙུག་ལག་མཐོ་སློབ་གཞན་གྱི་གནས་ཚད་དང་ལག་ཁྱེར་ཐོབ་ཐབས་སུ་ཤུགས་སྣོན་རྒྱག་རྒྱུ་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་སོང།

དེ་རྗེས་སྤྱི་འཐུས་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། དེ་སྔོན་སྨན་རྩིས་ཁང་གི་མཛད་སྒོའི་སྐབས་སུ་༧གོང་ས་མཆོག་གིས་གསུངས་པའི་བཀའ་སློབ་ནང་བཞིན་འགྲོ་ཐུབ་པ་དགོས་པའི་སྐོར་དང། གསོ་རྩིས་སློབ་སྦྱོང་བྱེད་སྟངས་སྐོར་སོགས་ཀྱི་ལམ་སྟོན་གསུང་བཤད་གནང་སོང།

mantsikhang01དེ་རྗེས་སྐུ་མགྲོན་གཙོ་བོ་༧རྒྱལ་བ་ཀརྨ་པ་རིན་པོ་ཆེས་གསུང་དོན། ང་ཚོས་འགྲིག་བསྡད་ཡོད་བསམ་ནས་བློ་ཁ་ཁེངས་ནས་སྡོད་པའི་དུས་ཚོད་ཅིག་མ་རེད། ལྷག་པར་དུ་དུས་ཚོད་དེ་མགྱོགས་པོ་འགྲོ་ཡི་ཡོད་པ་དང། བོད་ནང་གི་ཆོས་དང་རིག་གཞུང་གི་གནས་སྟངས་དེ་ཛ་དྲག་པོ་ཆགས་བསྡད་ཡོད་པ་ཡིན་དུས། ང་ཚོ་བློ་འཚབ་ཆེ་རུ་འགྲོ་དགོས་པ་ཞིག་དང། དེ་བཞིན་ང་ཚོའི་ལས་ཀའི་མྱུར་ཚད་དེ་མགྱོགས་སུ་གཏོང་དགོས་པའི་དུས་ལ་སླེབས་ཡོད་པ་རེད། སྤྱིར་སྨན་རྩིས་མཐོ་སློབ་དབུ་བརྙེས་པ་ནས་བཟུང་ཡོན་ཏན་གྱི་ཆ་མང་པོ་ཡོད་རེད་དེ། སྐྱོན་གྱི་ཆ་དང། འཐུས་ཤོར་ཕྱིན་པའི་རིགས་ལ་དཔྱད་བརྟག་བྱེད་རྒྱུ་གལ་ཆེན་པོ་རེད། ང་ལ་མི་ཚོས་ཟེར་བར། བོད་པ་ཚོ་ནང་ལ་གྲ་འགྲིག་པོ་འདྲ་བྱུང་དུས་འགྲིག་བསྡད་ཡོད་བསམ་ནས་སྡོད་ཀྱི་འདུག ཕྱི་ལོག་གི་འཛམ་བུ་གླིང་གི་གནས་སྟངས་ག་འདྲ་ཡིན་མིན་ལྟ་ཡི་མི་འདུག་ཅེས་དང། དེ་ལ་གནོད་བྱེད་དང་ཕུང་བྱེད་གཞན་དགོས་པ་མི་འདུག་སོ་སོར་རུལ་འགྲོ་ས་རེད་ལབ་ཀྱི་འདུག དེར་བརྟེན་དེའི་ཉེན་ཁ་ཞིག་མེད་འགྲོ་བསམ་གྱི་འདུག་ཅེས་སོགས་གསུངས་སོང།

མཐའ་མར་སློབ་སྤྱི་གཞོན་པ་སྨན་རམས་པ་མཁྱེན་རབ་རྒྱ་མཚོས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ནས་མཛད་སྒོ་གྲོལ་ཡོད་པ་རེད།།

{jcomments on}