ནང་ཆོས་ངོ་སྤྲོད་བྱེད་རྒྱུ་དེ་གཙོ་བོར་འཛིན་གྱི་ཡོད།
ཟླ་འདིའི་ཚེས་༣ ཉིན་ནས་༤ བར་ཉིན་གཉིས་རིང་༧གོང་ས་མཆོག་གིས་བོད་པའི་མཐོ་རིམ་སློབ་མ་གཙོས་པའི་སློབ་མ་རྣམས་ལ་ནང་ཆོས་ངོ་སྤྲོད་ཀྱི་དབུ་བཙུགས་ཡོད་པ་རེད། སྤྱིར་ནང་ཆོས་ངོ་སྤྲོད་ཀྱི་བརྗོད་གཞི་གཙོ་བོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་《འཇིག་རྟེན་ལས་འདས་པར་བསྟོད་པ་》 དང། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་《རྟེན་འབྲེལ་བསྟོད་པ་》 གཉིས་ཡིན་པ་དང། ཐོག་མར་༧གོང་ས་མཆོག་གིས་རྒྱུ་དངོས་པོ་ཇི་ཙམ་ཡོད་ཀྱང། ནང་སེམས་ཀྱི་སྡུག་སེལ་མི་ཐུབ་པ་དང། སྒོ་ལྔའི་ཤེས་པའི་ཡུལ་དུ་གྱུར་པའི་གཟུགས་སྒྲ་དྲི་རོ་རེག་བྱ་ནི། གནས་སྐབས་ཀྱི་བདེ་བ་ཙམ་མ་གཏོགས་དེས་མཐར་ཐུག་གི་བདེ་བ་བསྒྲུབ་མི་ཐུབ་པའི་སྐོར་དང། བོད་ཀྱི་ནང་ཆོས་ནང་དུ་མཁས་པ་རྣམས་ཀྱིས་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད་ཀྱང། སྤྱི་ཚོགས་སྤྱི་ཡོངས་ནས་ནང་ཆོས་སློབ་སྦྱོང་བྱེད་པར་དོ་སྣང་དེ་ཙམ་མེད་པར། དད་པ་གཅིག་པུ་བྱས་ནས་སྔགས་བགྲང་བ་དང། མཆོད་པ་འབུལ་བ། དེ་བཞིན་དགོན་པ་སོགས་སུ་འབག་གོན་ནས་འཆམ་འཁྲབ་པ། གཏོར་མ་ཆེན་པོ་དེ་འདྲ་བཟོས་ནས་གཡུགས་པ་དང། སྣུམ་ཚ་པོའི་ནང་དུ་ཨ་རག་བླུགས་ནས་མི་མང་དཀྱིལ་དུ་སྒྲ་ཆེན་པོ་སྒྲོག་པར་བྱེད་པ་སོགས་ལ་དོ་དབྱིངས་བྱེད་པ་མ་གཏོགས། བྱང་ཆུབ་ཀྱི་སེམས་ཀྱི་ཉམས་ལེན་ལ་དེ་ཙམ་འཇུག་ཐུབ་ཀྱི་མེད་པ་ནི་འཐུས་ཤོར་ཆེན་པོ་ཡིན་པའི་སྐོར་གསུངས་སོང།
དེ་བཞིན་སྤྱིར་བཏང་འཛམ་གླིང་གི་ཆོས་ལུགས་མཐའ་དག་ལ་གུས་བཀུར་དགོས་པ་གལ་ཆེན་པོ་ཡིན་པ་དང། སོ་སོས་དད་པ་བྱེད་སའི་ཆོས་དེ་ཡང་དག་པ་ཤེས་པའི་སྒོ་ནས་དད་པ་བྱས་ན་ངེས་པ་རྙེད་པ་ཞིག་ཡོང་ཐུབ་པའི་སྐོར། དེ་བཞིན་ཆོས་ལུགས་རྣམས་ཀྱི་ནང་དུ་གསུངས་པའི་བདག་གམ་ང་ཞེས་པ་དེ་ག་འདྲ་ཞིག་ཡིན་མིན་དང། བདག་ལ་ཐོག་མ་ཡོད་མེད། བདག་ལ་མཐའ་མ་ཡོད་མེད་བཅས་དྲི་བ་གསུམ་པོ་དེར་ལན་རྒྱག་སྐབས། ཆོས་ལུགས་གཞན་དག་མང་ཆེ་བས་ཕུང་པོ་ལས་དོན་གཞན་པའི་བདག་ཅེས་པ་ཁས་ལེན་གྱི་ཡོད་པ་དང། སངས་རྒྱས་པས་བདག་མེད་ཅེས་པ་གསུང་གི་ཡོད་པ། འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་ལུགས་རྣམས་ཀྱིས་བཀོད་པ་པོས་བཀོད་པའི་ཉིན་མོ་དེ་ནས་བདག་གི་ཐོག་མ་ཡིན་པར་ཁས་ལེན་གྱི་ཡོད་པའི་སྐོར་དང། ནང་པས་བདག་ལ་ཐོག་མ་མེད་པར་གསུང་གི་ཡོད་པའི་སྐོར། དེ་བཞིན་ཡེ་ཤུ་སོགས་ཀྱིས་མཐའ་མ་དཀོན་མཆོག་གི་དྲུང་དུ་སྐྱེས་ཚར་རྗེས་ག་འདྲ་བྱེད་ཀྱི་ཡོད་མེད་གསལ་པོ་མེད་པ་དང། ནང་པས་བདག་ལ་མཐའ་མ་མེད་པར་གསུང་གི་ཡོད་པའི་སྐོར་གསུངས་སོང།
གཞན་ཡང་༧གོང་ས་མཆོག་གི་ངོས་ནས་ནང་པའི་གཞུང་མངོན་པ་མཛོད་སོགས་ནས་གསུངས་པའི་རི་རབ་དང་གླིང་ཕྲན་ཟེར་བ་དེ་ཚོ་ཡོད་པར་ཁས་ལེན་གནང་གི་མེད་པ་དང། དེའི་སྐབས་སུ་གདུལ་བྱའི་ངོ་དང། དགོས་པ་ལ་གཟིགས་ནས་རི་རབ་དང་གླིང་ཕྲན་གསུངས་པ་ཞིག་ཡིན་པ་མ་གཏོགས་དོན་ལ་རི་རབ་གླིང་པྲན་ཡོད་པར་ཁས་ལེན་རྒྱུ་ཁག་པོ་ཡིན་པའི་སྐོར། ནང་པའི་ཆོས་ཟེར་བ་མཐར་གཏུགས་ན་བདག་མེད་པའི་ལྟ་བ་རྩ་བར་བཞག་པ་དེ་ཡིན་པ་དང། རྟེན་ཅིང་འབྲེལ་བར་འབྱུང་བ་ཁས་ལེན་པ་དེ་ལ་ནང་པ་གསུང་གི་ཡོད་པ། དེ་བཞིན་དུས་རྒྱུན་དུ་ཕྱིན་ཅི་ལོག་ཏུ་རྟོགས་པའི་བློ་མ་རིག་པ་དེས་སྡུག་བསྔལ་གྱི་རྒྱུ་བྱེད་ཀྱི་ཡོད་པ་དང། དེ་ལ་གཉེན་པོ་བསྟེན་དགོས་ན། ཕྱིན་ཅི་མ་ལོག་པའི་བློ་ཞིག་སྐྱེ་བ་བྱེད་དགོས་པ་དཔེར་ན། ཀ་ཁ་མི་ཤེས་པའི་བློ་དེར་ཀ་ཁ་སྦྱངས་ནས་ཤེས་པར་བྱས་ན་མི་ཤེས་པའི་བློ་དེ་རང་བཞིན་གྱིས་མེད་པ་ཆགས་པ་ལྟ་བུའི་གཉེན་པོ་བསྟེན་སྟངས་ཤེས་རྒྱུ་གལ་ཆེན་པོ་ཡིན་པ་ལས། སྨོན་ལམ་བཏབ་པ་ཙམ་གྱིས་བློ་ཕྱིན་ཅི་ལོག་གི་བློ་དེ་སེལ་མི་ཐུབ་པའི་སྐོར་དང། ༧གོང་ས་ས་གནས་གཞན་དུ་ཕེབས་སྐབས་ནང་ཆོས་ངོ་སྤྲོད་བྱེད་རྒྱུ་གཙོ་བོར་འཛིན་པ་མ་གཏོགས། དབང་གནང་རྒྱུ་སོགས་གཙོ་བོར་འཛིན་གྱི་མེད། དུས་འཁོར་དབང་ཆེན་སོགས་ཀྱི་སྐབས་སུ་སྔོན་འགྲོའི་ཆོས་བཤད་དེ་གཙོ་བོར་འཛིན་གྱི་ཡོད་སྐོར་སོགས་འགྲེལ་བཤད་དང་ངོ་སྤྲོད་གནང་སོང།
སྤྱིར་ད་ལོའི་ནང་ཆོས་ངོ་སྤྲོད་ཀྱི་ཐོག་ཏུ་བཅར་མཁན་ཨ་རི་དང། ཁེ་ན་ཌ། བལ་ཡུལ་སོགས་ནས་རྒྱལ་ཁབ་ཁག་བདུན་དང། རྒྱ་གར་གྱི་མངའ་སྡེ་ཉི་ཤུ་རྩ་བརྒྱད། རྒྱ་གར་ནང་ཁུལ་གྱི་མཐོ་སློབ་ཁག་༧༨ ཙམ་ནས་སློབ་མ་༣༠༤༨ འབྱོར་ཡོད་པ་དང། དེ་མིན་དེབ་སྐྱེལ་མེད་པའི་སྤྱིར་བཏང་མི་མང་ཡང་མང་པོ་ཡོད་པ་རེད། ན་ནིང་དང་བསྡུར་ན་མཐོ་སློབ་ཁག་ནས་ཕེབས་མཁན་སློབ་མ་༢༠༠ ཙམ་མང་དུ་ཕྱིན་འདུག་ཅེས་གོ་སྒྲིག་པ་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང།།
{jcomments on}