བྱིས་པའི་བཟོ་གྲྭ་གཏོར་ནས་སྦྲུམ་མ་བུ་མོ་༣༢ བསྐྱབས་པ།

བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ནི་རྗི་རི་ཡཱ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཤར་ལྷོ་རུ་ཡོད་པའི་གྲོང་ཁྱེར་ཨ་བྷ་ནང་གི་བྱིས་པའི་བཟོ་གྲྭ་ནི་བྱིས་པ་ཚོང་ལས་བྱེད་མཁན་ཁག་ཅིག་གི་གཏན་གནས་ཡིན་པ་དང་། དེ་ཚོས་བུ་མོ་ཆུང་ཆུང་རྣམས་ལ་བཙན་ཤེད་ཀྱིས་མངལ་སྦྲུམ་དུ་བཅུག་ནས་བྱིས་པ་ནག་ཚོང་བྱེད་མཁན་ལ་འཚོང་བཞིན་ཡོད་འདུག།

ས་གནས་དེའི་ཉེན་རྟོག་དཔོན་པོ་ཞིག་གི་བརྗོད་དོན་ལྟར་ན། ང་ཚོ་ལ་བརྡ་ལན་འབྱོར་བ་བཞིན་ཨ་བྷ་གྲོང་ཁྱེར་གྱི་སྒོ་ར་ཆེན་པོ་ཞིག་གི་ནང་དུ། ལོ་༡༥ ནས་༡༧ བར་གྱི་བུ་མོ་རྣམས་ལ་བཙན་ཤེད་ཀྱིས་མངལ་སྦྲུམ་དུ་བཅུག་ནས་ཕྲུ་གུ་སྐྱེ་རུ་འཇུག་གི་ཡོད་པས། ཉིན་གསུམ་སྔོན་ལ་ང་ཚོས་མྱུར་སྐྱོབ་ལས་འགུལ་ཞིག་སྤེལ་ནས། མངལ་སྦྲུམ་ཡོད་པའི་བུ་མོ་༣༢ བསྐྱབས་ཡོད་པ་དང་། བྱིས་པ་ཚོང་ལས་བྱེད་མཁན་དེ་འགོ་པ་དེ་འཛིན་བཟུང་བྱས་ཡོད་ཅེེས་འགྲེལ་བརྗོད་བྱས་འདུག

ས་གནས་དེ་ནས་བསྐྱབས་ཡོང་བའི་བུ་མོ་ཞིག་གིས་བརྗོད་དོན། བུ་མོ་དེ་ཚོས་བྱིས་པ་སྐྱེ་དུས་བུ་ཡིན་ན་རིན་གོང་ཅང་ཙམ་མཐོ་བ་དང་བུ་མོ་ཡིན་ན་རིན་གོང་དེ་ལས་དམའ་བ་མ་གཏོགས་རག་གི་མེད་ཚུལ་བརྗོད་འདུག

ས་གནས་དེའི་ཉེན་རྟོག་པས་འགྲེལ་བརྗོད་བྱས་པ་ལྟར་ན། བུ་མོ་དེ་ཚོས་བྱིས་པ་སྐྱེས་རྗེས། རྒྱལ་ཁབ་དེའི་ཤོག་དངུལ་ལས་རྒྱ་ནག་གི་ཤོག་དངུལ་གྱི་འཛའ་ཐང་ཕབ་ན། རྒྱ་སྒོར་༡༠༠༦ ནས་༡༡༩༧ ལས་རག་གི་མེད་པ་དང། ནག་ཚོང་བས་ནག་ཚོང་ཁྲོམ་ར་ནས་རྒྱ་སྒོར་༡༢༠༠༠ ནས་༤༠༠༠༠ བར་རག་གི་ཡོད་ཚུལ་བརྗོད་འདུག།ད་སྐབས་བྱིས་པའི་བཟོ་གྲྭའི་ནག་ཚོང་བ་དེ་ལ་འབྲེལ་ཡོད་ཀྱི་ནག་ཉེས་འདྲི་གཅོད་བྱེད་བཞིན་ཡོད་པ་དང། ཁོ་ལ་བྱིས་པ་ནག་ཚོང་བྱས་པའི་ཉེས་པ་ནི་བསུབ་ཐབས་བྲལ་བ་ཞིག་ཆགས་ཡོད་པ་རེད།།

{jcomments on}