ཨ་རིའི་གཞུང་ཚབ་བོད་ཀྱི་རྒྱལ་ས་ལྷ་སར་འཛུགས་ཐབས་དགོས།

ཟླ་འདིའི་ཚེས་༢ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་དུ་གྲོས་ཚོགས་ཀྱི་ཕྱི་དྲིལ་ལས་དོན་ཚོགས་ཆུང་གི་གོ་སྒྲིག་འོག ཨེ་ཤ་ཡའི་གླིང་ཕྲན་གྱི་ཆོས་དད་རང་དབང་དང། མང་གཙོ། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་བརྗོད་གཞི་བྱས་པའི་ཉན་ཞིབ་ཚོགས་འདུ་ཞིག་གི་ཐོག་ཏུ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་དང། ཨ་རིའི་གྲགས་ཅན་གློག་བརྙན་འཁྲབ་སྟོན་པ་སྐུ་ཞབས་རཱིའི་ཆར་ཌི་གྷིར་ལགས་ཀྱིས། ཨ་རིའི་སྲིད་གཞུང་གི་ངོས་ནས་བོད་ནང་གི་བོད་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་སྔར་ལས་ལྷག་པ་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།

དེ་ཡང་སྐུ་ཞབས་རཱིའི་ཆར་ཌི་གྷིར་གྱིས་གསུང་དོན། ཨ་རི་གཞུང་གིས་བོད་ནང་གི་གནད་དོན་ཐད་རྒྱབ་སྐྱོར་ཚད་ལྡན་ཞིག་བྱེད་ཐུབ་པ་ཡིན་ན། མི་གསོད་ཁྲག་སྦྱོར་གྱི་གནད་དོན་མ་བྱུང་བའི་ཐོག་ནས་དཀའ་རྙོག་དེ་ངེས་པར་དུ་སེལ་ཐུབ་ཀྱི་རེད་ཅེས་དང། ཕྱི་ལོ་༢༠༠༢ ལོའི་ཨ་རིས་གཏན་འབེབས་བྱས་པའི་བོད་དོན་སྲིད་བྱུས་རྩ་འཛིན་ཁྲིམས་ཡིག་ལག་བསྟར་བྱེད་ཕྱོགས་ཐད་ཉན་ཞིབ་བྱས་ཡོད་པ་དང། ཁོང་གིས་གོ་སྐབས་དེ་དང་བསྟུན་ནས། ཨ་རིའི་གཞུང་གི་ངོས་ནས་བོད་ཀྱི་རྒྱལ་ས་ལྷ་སར་གཞུང་ཚབ་ཡན་ལག་ལས་ཁུངས་བཙུགས་མ་ཐུབ་བར་དུ། ཨ་རིའི་ས་གནས་གང་དུ་ཡང་རྒྱ་ནག་གི་ཡན་ལག་ཁུངས་འཛུགས་རྒྱུའི་ཁས་ལེན་བྱེད་རྒྱུ་མེད་པའི་འབོད་སྐུལ་ཡང་བྱས་ཡོད་འདུག

ད་དུང་ཁོང་གིས། ད་ལྟའི་བོད་ཀྱི་རྔཔ་ཀིརྟི་དགོན་པའི་གནས་སྟངས་དང། པཎ་ཆེན་ཆུང་སྲིད་རིན་པོ་ཆེའི་སྐོར། དེ་བཞིན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་དང། ཀརྨ་བསམ་འགྲུབ་སོགས་ཆབ་སྲིད་བཙོན་པ་རྣམས་ཀྱི་གནས་སྟངས་ཐད་ཞུ་འབོད་གནང་བ་མ་ཟད། ཨ་རིའི་སྲིད་འཛིན་གྱིས་ད་ལོའི་ཕྱི་ཟླ་བདུན་པའི་ནང་༧རྒྱལ་བ་རིན་པོ་ཆེ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་དུས་འཁོར་དབང་ཆེན་གནང་བའི་སྐབས་དང་བསྟུན་ནས། ༧རྒྱལ་བ་རིན་པོ་ཆེ་ཐུག་འཕྲད་གནང་དགོས་པ་དང། དེ་བཞིན་༧རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་དང། འདེམས་ཐོན་བཀའ་ཁྲི་བློ་བཟང་སེང་གེ་དང་ལྷན་དུ་གྲོས་མོལ་བྱེད་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།

གནད་དོན་དེའི་ཐོག་ཏུ་གྲོས་ཚོགས་ཀྱི་ཕྱི་དྲིལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ལྕམ་སྐུ་རོའོ་སི་ལི་ཊི་ནན་གྱིས་གསུང་དོན། ཕྱི་ལོ་༢༠༠༢ ལོར་བོད་དོན་རྩ་འཛིན་ཁྲིམས་ཡིག་གཏན་འབེབས་བྱས་པ་ནས་བཟུང། ཨ་རིའི་གཞུང་ངོས་ནས་བོད་ཀྱི་རྒྱལ་ས་ལྷ་སར་གཞུང་ཚབ་ཡན་ལག་འཛུགས་དགོས་པའི་འབོད་སྐུལ་བྱས་ཡོད་ཀྱང། ད་བར་གནད་དོན་དེའི་ཐོག་དོན་འབྲས་སྤུ་ཙམ་སོན་མེད་པ་རེད། ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་ལྷ་སར་ཨ་རིའི་གཞུང་ཚབ་འཛུགས་མ་ཐུབ་བར་ཨ་རིའི་མངའ་སྡེ་བྷོ་སི་ཊོན་སོགས་སུ་རྒྱ་ནག་གི་ཡན་ལག་ལས་ཁུངས་འཛུགས་ཐུབ་ཐབས་མེད་པ་རྒྱ་ནག་གི་ཕྱི་དྲིལ་མི་སྣ་ཚོར་གསལ་པོ་བཟོ་དགོས་ཀྱི་རེད་ཅེས་བརྗོད་ཡོད་པ་རེད། གཞན་ཡང་ཕྱི་ལོ་༢༠༡༠ ལོར་༧རྒྱལ་བ་རིན་པོ་ཆེ་ཨ་རིར་ཕེབས་སྐབས་སྲིད་འཛིན་ཨོ་བྷ་མའི་ལས་ཁུངས་སུ་མཇལ་འཕྲད་མ་གནང་བ་དང། མཇལ་འཕྲད་སྐབས་གསར་འགོད་པ་མ་བཏང་བ། ༧གོང་ས་མཆོག་ལྟག་སྒོ་ནས་ཕེབས་བསུ་བྱས་པ་བཅས་ལ་སྐྱོན་བརྗོད་དང། དེ་ནི་ཨ་རིའི་ངོ་ཚ་ཞིག་རེད་ཅེས་འགྲེལ་བརྗོད་གནང་འདུག

དེའི་སྐབས་སུ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་སྐུ་ཚབ་ཏུ་འགྲོ་བ་མིའི་ཐོབ་ཐང་ཚན་པའི་སྐུ་ཞབས་ཌི་ནཱལ་བྷིར་ལགས་ཀྱིས་གསུང་དོན། རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་བྱེད་མཚམས་འཇོག་དགོས་པ་དང། ༧རྒྱལ་བ་རིན་པོ་ཆེ་དང་ལྷན་གྲོས་མོལ་བསྐྱར་མཐུད་དགོས་པ་རེད་ཅེས་དང། ཨ་རིའི་གཞུང་གི་ངོས་ནས་རྒྱ་ནག་དང་ལྷག་པར་དུ་བོད་རང་སྐྱོང་ལྗོངས་ཟེར་བ་དང།  དེའི་ཕྱི་ཕྱོགས་ཀྱི་ས་ཁུལ་ཁག་གི་འགྲོ་བ་མིའི་ཐོབ་ཐང་ཐད་ཧ་ཅང་སེམས་འཚབ་ཡོད་ཅེས་གསུངས་ཡོད་པ་རེད།།

{jcomments on}