ཁ་ཙམ་མིན་པར་ཁོར་ཡུག་གཙང་བཟོ་བྱེད་དགོས།

ཚོགས་ཐོག་ཏུ་གཞིས་མཉམ་གྲོས་གསུམ་དབུ་འཛིན་ལས་བྱེད་རྣམ་པ་གཙོས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ལས་ཀྱི་སྣེ་མོ་བ་ཡོངས་དང་མི་མང་ཕོན་ཆེན་འདུ་འཛོམས་བྱུང་སོང། ཐོག་མར་ས་གནས་འགོ་འཛིན་དཔལ་ལྡན་དོན་གྲུབ་དང་ས་འཐུས་ཚོགས་གཞོན་བསོད་ནམས་རྡོ་རྗེ་གཉིས་ནས་ཁོར་ཡུག་སྲུང་སྐྱོབ་དགོས་སྐོར་གསུང་བཤད་གནང་དོན། ད་ལྟ་འཛམ་གླིང་ནང་ཁོར་ཡུག་འབག་བཙོག་ཆེན་པོ་ཐེབས་ཀྱི་ཡོད་པར་བརྟེན་ནད་རིགས་འདྲ་མིན་མཚོན་པའི་མི་འདོད་པའི་འགལ་རྐྱེན་སྣ་ཚོགས་ཤིག་འཕྲད་དང་འཕྲད་མུས་རེད། དེ་དག་མི་འབྱུང་བའི་ཆེད་ད་ནས་བཟུང་ང་ཚོ་མི་རེ་ངོ་རེ་ནས་༧གོང་ས་མཆོག་གིས་དུས་ནས་དུས་སུ་རླབས་ཆེན་གྱི་བཀའ་སློབ་ལམ་སྟོན་གནང་བ་གཞིར་བཟུང་ཁོར་ཡུག་གཙང་བཟོ་བྱེད་ཕྱོགས་ལ་ཁ་ཙམ་མིན་པར་དོན་དངོས་ཐོག་དོ་ཁུར་མཉམ་ལེན་བྱེད་རྒྱུ་ཧ་ཅང་གལ་ཆེ་ལ། ཁོར་ཡུག་སྲུང་སྐྱོབ་བྱས་ན་རང་ཉིད་དང་འཛམ་གླིང་ཁྱོན་ཡོངས་ཀྱི་མི་འདོད་ཉེར་འཚེ་སྲུང་སྐྱོབ་བྱས་པ་དང་གཅིག་མཚུངས་ཡིན་ལ། དེའི་ཕྱིར་ཁོར་ཡུག་སྲུང་སྐྱོབ་བྱེད་པར་རང་དོན་རང་གཅེས་ཐོག་རང་ནུས་ཅི་ལྩོགས་ཀྱིས་འབད་བརྩོན་གནང་རོགས་ཅེས་གསུངས་སོང་།

དེ་རྗེས་མོན་གྷོ་ས་གནས་བུད་མེད་ལྷན་ཚོགས་ཀྱིས་ཁོར་ཡུག་གོང་འཕེལ་དང་གཙང་བཟོ་ཡོང་སླད། མོན་གྷོ་ས་གནས་གཞིས་མཉམ་གྲོས་གསུམ་གཙོས་སྡེ་ཚན་སོ་སོར་འདེབས་ལས་ཟིན་པའི་མེ་ཏོག་སྣ་ཚོགས་མཁོ་སྤྲོད་གནང་སོང་། དེ་བཞིན་གཞིས་ལས་ཁོར་ཡུག་སྡེ་ཚན་གྱིས་དགོན་སྡེ་དང་གཞིས་གྲོང་ཁག་གི་ནང་ནས་ཁོར་ཡུག་གཙང་བཟོ་ལེགས་ཤོས་གསུམ་རེ་ལ་བྱ་དགའ་གསོལ་རས་གནང་སོང་ལ་མཇུག་ཏུ་ཁོར་ཡུག་དང་འབྲེལ་བའི་གློག་བརྙན་ཞིག་ཀྱང་གཟིགས་འབུལ་ཞུས་སོང།།

མོན་གྷོ་གསར་འགོད་པས།