བདེན་པ་བརྡར་བ།
མིང་རྒྱལ་རབས། ཆིང་རྒྱལ་རབས། མི་སེར་རྒྱལ་ཁབ་བཅས་པའི་མངའ་ཁོངས་སུ་གྱུར་ཚུལ་དང་། ཆིང་གོང་མ་རིམ་བྱོན་གྱིས་བོད་ཀྱི་བླ་དཔོན་ཁག་ལ་གོ་མིང་དང་ཆོ་ལོ་སྤྲད་ལུགས་སོགས་མུན་ནག་འདོམ་འཇལ་ལོ་རྒྱུས་བཅོས་ལྷད་ཀྱིས་ཁུངས་ལུང་མེད་པའི་སྙོན་འཛུགས་གཞུང་འབྲེལ་དབྱིན་བོད་ཀྱི་དྲ་རྒྱའི་ནང་རིམ་ཐོན་ཡོང་གི་འདུག་པ་འདི་ལྟའི་གནས་ལུགས་སྔར་ཡང་ཨུ་ཚུགས་ཀྱིས་བཤད་མྱོང་བ་རེད།
འདས་པའི་རྒྱལ་རབས་ལོ་རྒྱུས་ཐོག་ནས་བཤད་ན། བོད་རྒྱ་གཉིས་ཀྱི་གནས་སྟངས་ནི། ཤ་ཁག་ཁག། གྲི་སོ་སོ་དང་། རྟ་རྒྱུགས་ན་རྒྱུགས་མཉམ་དང་། གུར་བརྒྱབ་ན་ཁ་སྤྲོད་བྱས་ཏེ་གནས་པ་ལས། གཅིག་འོག་གཅིག་འདུས་སམ། དཔོན་གཡོག་གི་ངོ་བོའི་ཐོག་གནས་པ་གཏན་ནས་བྱུང་མྱོང་མེད། བོད་ནི་རྒྱ་ཕྱོགས་ནས་བཤད་པའི་མེས་རྒྱལ་ཟེར་བ་དེའི་ཁོངས་རྩ་བ་ནས་མིན། བོད་མི་རང་གི་མེས་རྒྱལ་ནི། མེས་སྲོང་བཙན་སྒམ་པོདང་། དབོན་ཁྲི་སྲོང་ལྡེའུ་བཙན། དབོན་སྲས་མངའ་བདག་ཁྲི་རལ་ཏེ་བོད་བཙན་པོའི་དུས་རབས་དང་། ས་སྐྱའི་དུས་རབས། སྣེ་གདོང་དུས་རབས། རིན་སྤུངས་པའི་དུས་རབས། སྡེ་པ་གཙང་པའི་དུས་རབས། དགའ་ལྡན་ཕོ་བྲང་གཞུང་གི་དུས་རབས་བཅས་ཀྱིས་ཕྱི་ལོ་ ༡༩༥༡ བར་བོད་ཀྱི་ཆབ་སྲིད་དང་བོད་ཀྱི་བརྟན་གཡོ་མཐའ་དག་བོད་མི་རང་གིས་བཟུང་བའི་རྒྱལ་ཁབ་ཅིག་ཡིན། ཐག་ཉེ་ཤོས་ལ་བལྟས་ན། ༡༩༦༢ ལོར་རྒྱ་དཀར་ནག་དབར་དམག་འཁྲུག་བྱུང་བ་དེ་བོད་རང་བཙན་གྱི་ཁུངས་སྐྱེལ་ཡིན། གང་ཡིན་ཟེར་ན། རྒྱ་དཀར་ནག་དབར་སྲིད་པ་ཆགས་པ་ནས་བཟུང་ས་མཚམས་མེད་སྟབས་དམག་འཁྲུག་བྱུང་མྱོང་མེད། ཕྱི་ལོ་ ༡༩༥༩ ལོར་བོད་རྒྱ་ནག་འོག་ཏུ་འཚུད་རྗེས་རྒྱ་དཀར་ནག་དབར་ས་མཚམས་སྐོར་ཐད་ཀར་དམག་འཁྲུག་བྱུང་བ་ཐེངས་དང་པོ་རེད། འོན་ཀྱང་འདས་པ་ལས་མ་འོངས་པ་གཙོ་ཆེ་བར་དགོངས་ཏེ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་གིས་བོད་རྒྱ་གཉིས་སྨན་དབུ་མའི་ཐབས་ལམ་གྱི་ཐོག་ནས་ད་ལྟ་འཕྲད་བཞིན་པའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ལ་དགོངས་བཞེས་གནང་མུས་སུ་ཡོད་པ་རེད། ད་བར་བོད་རྒྱ་གཉིས་དབར་ཞི་མོལ་གྱི་བཀའ་མོལ་དངོས་གཞི་འགོ་འཛུགས་མ་ཐུབ་པའི་རྒྱུ་མཚན་གཙོ་བོ་ནི། ང་ཚོའི་ཕྱོགས་ནས་ལོ་རྒྱུས་ཐོག་བོད་འདི་རྒྱ་ནག་གི་ཆ་ཤས་ཟེར་བར་ཁས་ལེན་གནང་ཐབས་བྲལ་བ་དང་། བོད་ཆོལ་གསུམ་གཅིག་ཏུ་འདུས་པའི་མིང་དོན་མཚུངས་པའི་རང་སྐྱོང་གི་དགོས་འདུན་ལ་རྒྱ་ཕྱོགས་ནས་མོས་མཐུན་མ་བྱས་པ་དེ་གཉིས་ལ་ཐུག་ཡོད། དེས་ན། བོད་རང་དབང་རང་བཙན་གཙང་མར་རྩོད་མཁན་ཡིན་ནའང་འདྲ། དབུ་མའི་ཐབས་ལམ་ཐོག་ཤར་བསྐྱོད་བྱེད་མཁན་གཉིས་ཀའི་ཕྱོགས་ནས་སྔ་རབས་བོད་ཀྱི་ལོ་རྒྱུས་གནས་སྟངས་གསལ་པོ་ཤེས་རྒྱུ་གནད་ཀྱི་སྙིང་པོ་ཡིན། སྔ་འཕྲོད་ཁོ་བོས་སོ་མེད་ཀྱང་སོ་རྙིལ་བལྡད་པའི་དཔེ་ལྟར། དངོས་བྱུང་གི་ལོ་རྒྱུས་དཔང་པོར་བཞག་སྟེ་རྒྱའི་འཁྱོག་བཤད་ལ་སྲོང་པོའི་གསལ་བཤད་ཅུང་ཟད་བྱེད་འདོད་བྱུང་། གངས་ཅན་བོད་ཀྱི་རྒྱལ་རབས་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོ་དགུང་ལོ་ ༢༥ ལ་ཕེབས་པ་དང་བློན་པོ་མགར་དང་ཐོན་མི་ཅན་རྟ་པ་བརྒྱ་ཕྲག་ཞུ་རྟེན་སྐྱེས་དང་བཅས་རྒྱ་ནག་རྒྱལ་པོ་ཐེ་ཙུང་གི་སྲས་མོ་འོན་ཤིང་ཀོང་ཇོ་ (མཚོ་ནང་གི་པདྨ་) བཙུན་མོར་སློང་བར་བརྫང་པར་ཐོག་མར་ཁ་ཡ་མ་བྱས། རིམ་གྱིས་སྲས་མོ་སློང་བར་ཡོང་བའི་རྒྱལ་ཁབ་གཞན་གྱི་ཕོ་ཉ་དང་མཉམ་དུ་རིག་པ་སུ་རྣོ་བསྡུར་བའི་སྐབས་བོད་ཀྱི་བློན་པོ་མགར་གྱི་རྣམ་སྤྱོད་དང་། བློ་གྲོས་ཀྱི་རྩལ་ལ་འགྲན་བཟོད་པ་མ་བྱུང་ཡང་། སྲས་མོ་སྟེར་བར་མ་འདོད་པས་ཀ་ཀོར་བསྙད་འདོགས་བྱས་རྐྱེན་ཆོས་རྒྱལ་ཐུགས་ཁྲོས་ཏེ་བོད་དམག་ཁྲི་ཕྲག་ཉི་ཤུ་ཙམ་བཏང་ནས་རྒྱའི་གྲོང་ཁྱེར་སུང་ཅུ་ (ཟོང་ཅོ་) བླངས་ཏེ། རྒྱ་རྒྱལ་ལ་སྲས་མོ་སྟེར་རམ། དམག་དྲངས་ཞེས་འདེམས་ཁ་བྱེད་དུ་བཅུག་པས་རྒྱ་རྒྱལ་ཤིན་ཏུ་འཇིགས་ཏེ་སྲས་མོར། ང་དང་ངའི་ཡུལ་གྱི་ཆེད་དུ་བོུ་བོད་རྒྱལ་པོའི་བཙུན་མོར་བསྐྱོད་ལེགས་ཞེས་སྟེར་བར་ཁས་བླངས་པ་ལས། དགའ་མོས་ཀྱིས་དང་དུ་བླངས་ཏེ་སྟེར་བ་ཞིག་མིན། དེ་ལྟར་བོད་བཙན་པོའི་མཐུ་སྟོབས་དང་གཟི་བརྗིད་ལ་སྐྲག་སྟེ་སྲས་མོ་ཕུལ་མཁན་དེས། ཕུལ་ཡུལ་བོད་ཡུལ་རྒྱ་ཁོངས་ཡིན་ལུགས་ཟེར་བ་ཧམ་པ་ཚ་པོའི་སྐད་ཆ་མ་རེད་པས། འཇིག་རྟེན་སྤྱིའི་འགྲོ་སྟངས་ཀྱི་ཆ་ནས་བཤད་ཀྱང་། བོུ་མནའ་མར་བཏང་བའི་རྒྱུ་མཚན་བགྲངས་ཏེ་ཁྱོའི་ཁྱིམ་གཞིས་བོུའི་ཕ་མར་བདག་པ་རེད་ཅེས་བརྗོད་ན། དེ་རྒྱུ་མཚན་ཡང་དག་ཏུ་འགྲོ་གི་འདུག་གམ། ཕྱོགས་གཞན་ནས་བཤད་ན། ཆོས་རྒྱལ་སྲོང་བཙན་དགུང་ལོ་ ༡༦ ལ་ཕེབས་སྐབས་བལ་རྗེ་འོད་ཟེར་གོ་ཆའམ། དགེ་བའི་གོ་ཆའི་ (Amsha Verma) སྲས་མོ་སྦིར་ཀུ་ཊི་ (Bhirkuti) བཙུན་མོར་བཞེས་པ་རེད། དེ་ལྟར་བལ་རྒྱལ་གྱི་སྲས་མོ་བཙུན་མོ་སྐུ་བགྲེས་ཡིན་པའི་ཆ་ནས་བལ་བཟའ་ཁྲི་བཙུན་ཞེས་ཞུ་གི་ཡོད། དེའི་དུས་དེའི་ཚེ་སྤྱི་ཚོགས་ཀྱི་འགྲོ་སྟངས་དང་། ཆབ་སྲིད་ཀྱི་ལམ་ལུགས་ཐོག་ནས་བཙུན་མོ་རྒན་པར་དམིགས་བསལ་གྱི་དབང་ཆ་ཆེ་བ་ཡོད། གལ་ཏེ་རྒྱ་ཕྱོགས་ཀྱི་བཤད་སྟངས་ལྟར། བལ་པོས་ཀྱང་བོད་བལ་པོའི་ཁོངས་གཏོགས་ཡིན་ལུགས་ཧམ་རྩོད་བྱས་ཚེ། བལ་པོར་རྒྱུ་མཚན་དང་ཐོབ་ཐང་ཆེ་བ་མི་འདུག་གམ། ཡོན་ནམ་ཧོར་ཟེར་བ་སོག་པོ་ཡིན། ཡོན་རྒྱལ་རབས་ཟེར་བ་སོག་པོའི་རྒྱལ་རབས་ཡིན་པར་གོ་དགོས། ཡོན་དུས་རབས་སུ་ཨུ་རུ་སུ་ཐེ་བས་ཡུ་རོབ་ཤར་ཕྱོགས་ཀྱི་ཡུལ་ཁག་དང་ཨི་རག། རྒྱ་ནག་གཙོ་གྱུར་ཀོ་རི་ཡ་དང་། བྷར་མ། ཝི་ཀྲི་ནམ། ཀམ་པོ་ཀྲི་ཡ། ཨིན་ཌོ་ནེ་ཤི་ཡའི་གླིང་ཕྲན་བཅས་པ་དབང་བསྒྱུར་བྱས་ཡོད། དེ་སྐབས་བོད་ལའང་སོག་པོའི་དབང་ཤུགས་སླེབས་ཡོད། འོན་ཀྱང་སོག་པོའི་དབང་བསྒྱུར་འོག་གནས་པའི་རྒྱལ་ཁབ་སུ་དང་ཡང་མི་འདྲ་བར། བོད་ཡུལ་དུ་སོག་པོའི་རྒྱལ་སྲས་དང་དམག་སྤྱི་གཏན་སྡོད་བྱས་པ་མེད། ལྷག་པར་དུ་སོག་པོས་འཕྲོག་བཅོམ་བྱས་རིགས་ཕུད་བོད་པས་སོག་པོར་བཅའ་ཁྲལ་སྤྲོད་རིགས་གཏན་ནས་བྱུང་མེད། དུས་རབས་བཅུ་གསུམ་པའི་ནང་བོད། ཡོན་ (ཧོར་) རྒྱལ་རབས་ཀྱི་ཁོངས་སུ་ཟེར་ཚུལ་ནི། ས་སྐྱའི་འགྲོ་མགོན་ཆོས་རྒྱལ་འཕགས་པ་སོག་པོའི་གོང་མ་ཀུབ་ལའི་ཁན་ (སེ་ཆེན་) གྱི་དབུ་བླར་བཀུར་ཏེ་ཀྱེེ་རྡོར་གྱི་དབང་ལན་གསུམ་བསྐུར་བའི་དབང་ཡོན་དུ། ཕྱི་ལོ་ ༡༢༥༣ ལོར་སྟོད་མངའ་རིས་སྐོར་གསུམ་དང་། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་དང་བཅས། དབུས་གཙང་ཆོས་ཀྱི་ཆོལ་ཁ་དང་། མདོ་སྟོད་མི་ཡི་ཆོལ་ཁ། མདོ་སྨད་རྟ་ཡི་ཆོལ་ཁ་ཞེས་ཆོལ་ཁ་གསུམ་གྱི་འགོར་རང་རང་གི་ཁྱད་ཆོས་ཆོས་མི་རྟ་གསུམ་སྦྱར་ནས་རྟེན་འབྲེལ་མཚོན་བྱེད་དུ་ཕུལ་བ་རེད། དེས་ན་ཕུལ་མཁན་རྒྱ་མི་མ་རེད། སོག་པོ་རེད། ཕུལ་ས་རྒྱ་མི་མ་རེད། བོད་པ་རེད། ཕུལ་བྱ་ཆོལ་ཁ་གསུམ་རྒྱ་ནག་གི་ས་ཆ་མ་རེད། བོད་ཀྱི་ས་ཆ་རེད། མཐར་སེ་ཆེན་རྒྱལ་པོ་རང་ཉིད་སྐུ་འཁོར་དང་བཅས་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནས་བོད་ས་རྨ་ཆུ་ཁུག་པའི་བར་ཕེབས་སྐྱེལ་དུ་བཅར་བ་རེད། དེས་ཀྱང་སོག་པོའི་གོང་མས་རྒྱ་ས་བརྒལ་ནས་མ་ཕེབས་པ་དེས་བོད་ས་དང་རྒྱ་ས་མཚམས་འཛིན་གནང་བ་རེད། དེ་དུས་རྒྱ་ནག་རང་ཉིད་སོག་པོའི་འོག་ཏུ་ཚུད་ཡོད། ཡང་། ཤེས་དགོས་པ་ཞིག་ལ། འགྲོ་མགོན་ཆོས་རྒྱལ་འཕགས་པས་ཕྱི་ལོ་ ༡༢༥༣ ལོར་བོད་ལ་དབང་བསྒྱུར་གནང་བ་རེད། དེ་ནས་ལོ་ ༢༦ སོང་རྗེས་ཕྱི་ལོ་ ༡༢༧༩ ལོར་རྒྱ་ནག་ལ་དབང་བསྒྱུར་མཁན་སོག་པོའི་རྒྱལ་རབས་ལ་ཡོན་རྒྱལ་རབས་ཞེས་གཏགས་ཏེ་ཁྲི་ལོ་འགོ་ཚུགས་པ་ཡིན། ཡོན་རྒྱལ་རབས་ཀྱི་དབང་འོག་ནས་འགྲོ་མགོན་འཕགས་པས་བོད་ལ་དབང་བསྒྱུར་བར་སྨྲ་བ་ནི་ཁུངས་ལུང་མེད་པའི་གཏམ་འཆལ་འབའ་ཞིག་ཏུ་ཟད། ཡང་། ལུང་པ་གང་ཞིག་སོག་པོའི་འོག་ཏུ་ཚུད་ན། རྒྱའི་འོག་ཏུ་གནས་པར་ཁྱབ་པ་ལྟ་བུར་གོ་ན། གོ་བ་ལོག་སྒྲུབ་བྱས་པ་རེད། སོག་པོ་དང་རྒྱ་ནག་གཉིས་ཐ་དད་སོ་སོ་རེད། རྒྱ་ནག་རང་ཉིད་ཕྱི་ལོ་ ༡༢༨༠-༡༣༦༨ བར་ལོ་ ༨༨ རིང་སོག་པོ་ཡོན་རྒྱལ་རབས་ཀྱི་འོག་ཏུ་གནས་པ་རེད། དབང་བསྒྱུར་བྱེད་མཁན་སོག་པོའི་སྟོབས་ཤུགས་ངོམ་ནས། དེང་རྒྱ་དམར་གྱིས་ཁེ་ཕན་སྒྲུབ་ཐབས་བྱེད་པ་ནི་ངོ་ཚ་མེད་པའི་བྱེད་སྟངས་ཤིག་མ་རེད་དམ། ཕྱོགས་གཞན་ནས་བརྗོད་ན། འཆར་ཅན་རྒྱ་ཕྱོགས་ནས་སོག་དམག་བོད་དུ་སླེབས་པ་དང་། བོད་སོག་མཆོད་ཡོན་གྱི་འབྲེལ་བ་བྱུང་བ་དེ་ཁ་ལ་འཁྱེར་ནས་བོད་རྒྱ་ནག་གི་ཁོངས་སུ་གཏོགས་ཀྱི་ཡོད་ན་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཉི་ཧོང་གིས་རྒྱའི་ས་ཁོངས་མང་ཆེ་བར་དཔུང་འཇུག་བྱས་ཏེ་དབང་བསྒྱུར་བྱས་པ་དེ་ཡང་དྲང་བདེན་གྱི་བྱ་སྤྱོད་ཅིག་དང་། ཁུལ་དེའི་བདག་པོ་ཉི་ཧོང་པ་ཡིན་པ་ཁས་མ་བླངས་རང་བླངས་མ་ཡིན་ནམ། ཕྱི་ལོ་ ༡༨༤༠ – ༡༩༡༩ ཡས་མས་བར་ཉི་ཧོང་དང་ཨུ་རུ་སུ། དབྱིན་ཇི་སོགས་རྒྱལ་ཁབ་བརྒྱད་ཀྱི་གནའ་འབྲེལ་དམག་གིས་རྒྱ་ནག་གི་ས་སྡེ་མང་པོ་བཟུང་སྟེ་རྒྱ་མི་རྣམས་བྲན་གཡོག་ལ་བཀོད་བའི་བཙན་འཛུལ་གྱི་བྱ་སྤྱོད་དེ་དག་ཀྱང་ལུགས་མཐུན་ཞིག་དང་། རྒྱའི་ས་ཆ་རྣམས་ཀྱང་རྒྱལ་ཁབ་དེ་དག་ལ་དབང་བ་མ་ཡིན་ནམ། གོ་བདེ་བའི་ཐོག་ནས་བཤད་ན། ཕ་བརྒྱུད་བུ་བརྒྱུད་ཀྱིས་ལོ་བརྒྱ་ཕྲག་མང་པོ་ཁྲིམས་མཐུན་བདག་ཏུ་བཟུང་བའི་ཁྱིམ་ཚང་དེའི་ནང་མི་རྣམས་ལ་ཇག་པས་ཉེས་བརྡུང་བཏང་སྟེ་སྤྲང་པོ་ལྟར་ཕྱིར་བཏོན། ཁྲིམས་འགལ་བཙན་འཛུལ་བ་རང་ཉིད་ཀྱི་ངན་བྱས་ངོ་འཁྱེར་གྱིས། ང་ཚོས་བཙན་འཛུལ་གྱིས་ཁང་པ་འདི་བདག་ཏུ་བཟུང་བ་ཡིན་པས། ཁྱེད་ཀྱི་ཁ་དབང་ང་ཚོར་བདག་པ་རེད། ཅེས་ངོ་ཚ་ཁྲེལ་མེད་ཀྱི་ཧམ་བཤད་བྱས་ན། ཁྲིམས་མཐུན་ལུགས་མཐུན་ཞིག་དང་དྲང་བདེན་ཞིག་ལ་ངོས་འཛིན་ཐུབ་ཀྱི་རེད་དམ། གང་ལྟར་ཕྱི་ལོ་ ༡༩༥༠ ཐམ་པའི་ལོར་རྒྱ་ནག་དམར་པོའི་སྲིད་གཞུང་གིས་ཨུ་རུ་སུ་གཞུང་ལ་ཨ་སྒོར་དུང་ཕྱུར་གསུམ་རོགས་སྐྱོར་ཞུས་ཏེ་ཆིངས་ཡིག་འཇོག་སྐབས། རྒྱ་ནག་གཞུང་གིས་ད་ལྟ་ཕྱི་སོག་ཏུ་འབོད་པ་ཧལ་ཧ་རང་དབང་རྒྱལ་ཁབ་ཡིན་པར་ཁས་ལེན་གྱི་ས་རྟགས་བཀོད་དགོས་བྱུང་ཡོད་པ་དྲན་གྱི་མི་འདུག་གམ། དེ་ལྟར་ལུང་པ་གང་ཞིག་བཙན་དབང་དུ་ཚུད་པའི་རྒྱུ་མཚན་དུ་བྱས་ཏེ་མངའ་འོག་ཏུ་བརྩི་བ་ནི་འུ་ཐུག་ཅོལ་ཆུང་གི་བྱ་ལས་སྙིང་པོ་མེད་པ་ཞིག་རེད། དཔེར་ན། ཕྱི་ལོ་ ༡༢༧༣ ནས་ཏ་ཡོན་གོང་མས་ཁྲའོ་ཞན་ (ཀོ་རི་ཡ་) ལ་དབང་བསྒྱུར་བ་དང་། ཉི་ཧོང་གིས་ཕྱི་ལོ་ ༡༨༩༣ – ༡༩༤༥ བར་ལོ་ ༥༠ རིང་ཐེ་ཝན་བཙན་བཟུང་བྱས་པ་རེད། དབྱིན་ཇིས་ཕྱི་ལོ་ ༡༨༡༨ – ༡༩༤༧ བར་ལོ་ ༡༢༩ རིང་རྒྱ་གར་དབང་བསྒྱུར་བྱས་པ་རེད། ཕ་རན་སིས་ཕྱི་ལོ་ ༡༧༩༨ – ༡༨༠༡ བར་ (ཨི་རྗིབ་) བཙན་བཟུང་བྱས་པ་རེད། དེ་བཞིན་དབྱིན་ཇིས་སྦར་མ་དང་། ཨོ་སི་ཀྲི་ལི་ཡ། ཁེ་ན་ཌ། ཨ་རིའི་བྱང་ཕྱོགས་དང་བཅས་པ་ཡོངས་རྫོགས་བཙན་བཟུང་དབང་བསྒྱུར་བྱས་པ་རེད། དེ་ལྟར་བཙན་བཟུང་དབང་བསྒྱུར་བྱས་པ་དང་། མངའ་འོག་གམ་ཆ་ཤས། ཁྱབ་ཁོངས་ཟེར་བའི་གོ་དོན་མ་རྟོགས་ན། རྒྱ་ནག་རྒྱལ་ཁབ་ཆེན་པོའི་ཞབས་འདྲེན་དུ་མི་འགྲོའམ། བོད་གཞུང་གི་དབང་འཛིན་ཤོག་ཁག་ནང་ཁུལ་དབང་ཆ་འཐབ་རྩོད་ཀྱི་འགལ་བ་འཕྲད་སྐབས་རང་ཉིད་ཀྱི་རྐུབ་སྟེགས་བརྟན་པོར་གནས་ཐབས་སུ་དབང་འཛིན་པ་བསམ་མེད་སྐབས་འཚོལ་བ་འགས་ཕུགས་ལ་བསམ་གཞིགས་མ་ཐུབ་པར་འཕྲལ་གྱི་ཁེ་ཕན་ཁོ་ནར་མགོ་འཁོར་ནས་དོན་ཆུང་འབའ་ཞིག་ཡིད་ལ་བཅངས་ཏེ་རྒྱ་སོག་ལ་རྒྱབ་རོགས་བཅོལ་ཏེ་རང་དོན་སྒྲུབ་ཐབས་ནོར་འཁྲུལ་གྱི་བྱ་སྤྱོད་རིགས་ཕུད། སྔ་རབས་ཀྱི་ལོ་རྒྱུས་ནང་ལ་བལྟས་ཀྱང་བོད་རྒྱའི་དབར་དམག་འཁྲུག་བྱུང་བ་དང་། རྒྱ་མིས་བོད་སར་ཁྲིམས་འགལ་བཙན་འཛུལ་གྱིས་བཙན་བཟུང་བྱས་རིགས་ཕུད། བོད་ལ་དབང་བསྒྱུར་བྱས་པའི་ལོ་རྒྱུས་གཏན་ནས་བྱུང་མེད། འདི་དང་འབྲེལ་ནས་ཤེས་རྟོགས་དགོས་པ་ཞིག་ལ། ཕྱི་ལོ་ ༡༨༩༤ ལོ་ནས་འགོ་བརྩམས་ཏེ་ཕྱི་ལོ་ ༡༩༡༡ ལོར་སུན་ཀྲུང་ཧྲན་གྱིས་འགོ་ཁྲིད་ནས་མན་ཇུའམ། ཆིང་རྒྱལ་རབས་ཀྱི་སྲིད་གཞུང་མགོ་རྟིང་མ་སློག་བར་མན་ཇུས་མི་ལོ་ ༢༦༢ རིང་རྒྱ་ནག་དབང་བསྒྱུར་བྱས་པ་རེད། སྐབས་དེ་དུས་མན་ཇུ་རྒྱ་ནག་ལས་ལོགས་སུ་ཡོད་པའི་རྒྱལ་ཁབ་ཐ་དད་གཞན་ཞིག་ཡིན་པ་ཤེས་དགོས། ཆིང་ངམ། མན་ཇུ་གོང་མ་ཤུན་རྩེས་ཕྱི་ལོ་ ༡༦༤༤ ལོ་མཇུག་ནས་རྒྱ་ནག་དབང་བསྒྱུར་བྱས་པ་རེད། བོད་གཞུང་དགའ་ལྡན་ཕོ་བྲང་པ་ཆེན་པོ་ཕྱི་ལོ་ ༡༦༤༢ ལོར་དབུ་བརྙེས་པ་རེད། དེར་བརྟེན་སྐབས་དེ་དུས་མན་ཇུའི་རྒྱལ་རབས་ཚུགས་རྒྱུ་བསྡད་ཡོད་པས། ྋགོང་ས་ལྔ་པ་ཆེན་པོས་སོག་པོ་གོ་ཤྲི་ཧན་གྱི་རྒྱབ་སྐྱོར་ལ་བརྟེན་ནས་རྒྱལ་སྲིད་བཟུང་བ་ཞིག་ལས། མན་ཇུའི་རྒྱབ་སྐྱོར་ལ་བརྟེན་ནས་མིན་པ་གོང་གི་ལོ་དུས་ནས་ཁ་གྲགས་ཀྱི་ཡོད་པས། སོག་པོ་དང་མན་ཇུ་གཉིས་མ་ནོར་བ་དགོས། མན་ཇུའི་རྒྱལ་རབས་ཚུགས་ནས་ལོ་ ༣༥ སོང་རྗེས་ཕྱི་ལོ་ ༡༦༧༩ ལོར་ཡུ་ནན་ཁུལ་གྱི་གོང་མའི་ནང་བློན་ཕིང་སིང་ཝང་ (ཞུ་སན་ཧུ་) གིས་མན་ཇུ་གོང་མར་ངོ་ལོག་པར་འགན་བློས་མ་བཟོད་པར་གོང་མས་ྋགོང་ས་ལྔ་པ་ཆེན་པོར། བོད་དང་སོག་པོ་ཨ་རེད (འཇུན་སྒར་) ཀྱི་དམག་རོགས་འབོད་བསྐུལ་ཞུས་ལུགས་ྋརྒྱལ་བའི་མཛད་རྣམ་དུ་ཀུ་ལའི་གོས་བཟང་ནང་གསལ་ཡོད། འདིས་ག་རེ་བསྟན་གྱི་འདུག་ཟེར་ན། བོད་འདི་རྒྱ་ནག་ལས་ཐ་དད་པའི་རྒྱལ་ཁབ་ཅིག་དང་། ྋགོང་ས་ལྔ་པ་ཆེན་པོར་ཆེན་པོ་ཧོར་གྱི་ཡུལ་གྲུ་ཚུན་ཆད་ལ་དམག་རོགས་བསྐུལ་བའི་ནུས་པའམ། ཤུགས་རྐྱེན་ཡོད་པ་གསལ་པོ་མཐོང་ཐུབ། དེ་ནས་མི་རིང་བར་ཡུ་ནན་ནས་གོང་གི་མན་ཇུའི་ནང་བློན་ཕིང་སིང་ཝང་གིས་ཀྱང་གོང་བཞིན་དམག་རོགས་ཡོང་བའི་ཞུ་བསྐུལ་ཆེད་མི་སྣ་ཆེད་འབྱོར་ལ། རྒྱ་ནག་ནང་ཁུལ་གྱི་གནས་ཚུལ་ལ་གཟིགས་ཏེ་བོད་པས་ཕན་ཚུན་གཉིས་ཀར་ཤོག་ནུས་མི་ཐོན། སོག་པོ་ཨ་རེད་ནི་དྲག་ཤུལ་ཆེ་བས་ཚང་མར་བརྡབས་བསིགས་ལས་སྤྲོས་པའི་ལེགས་ཚོགས་མེད་ལུགས་གསུངས་ནས་ཕྱོགས་གཉིས་ཀར་ཞལ་བཞེས་མཛད་མེད། དུས་ཕྱིས་སུ་མན་ཇུ་དང་སོག་པོ་ཨོ་རེད་དབར་དམག་འཁྲུག་སྐབས་བོད་ཕྱོགས་ནས་བར་མི་མཛད་དེ་དུས་ཟིང་ཞི་འཇགས་ཀྱི་བཀྲིན་ཡང་བསྐྱངས་ཡོད། མན་ཇུ་གོང་མ་ཆན་ལུང་གི་བློན་གུང་མགོན་པོ་སྐྱབས་ཀྱིས་མཛད་པའི་ཆོས་འབྱུང་ལས། རྒྱའི་ཡུལ་གྱི་རྒྱ་ཁྱོན་བཤད་པའི་སྐབས་དང་ཞིང་ཆེན་ངོས་འཛིན་པའི་སྐབས་རི་བོ་ཆེན་པོ་དང་། ཆུ་རླུང་ཁག་བགྲངས་སྐབས་བོད་རྒྱ་ནག་གི་མངའ་འོག་ཏུ་ཚུད་པའི་རྣམ་པ་བསྟན་མེད། རྒྱ་ནག་མིང་རྒྱལ་རབས་སྐབས་རྒྱའི་ཁྲིམས་དཔོན་ཝང་ཕན་ཟེར་བས། ༡༥༩༤ ལ་བཀོད་པའི་རྒྱ་ནག་གི་ས་བཀྲའི་འགྲེལ་བཤད་དུ། རྒྱ་ནག་ཡོངས་ཀྱི་གླིང་དང་གླིང་ཕྲན། ཡུལ་ཁམས་ཡོངས་རྫོགས་གནམ་ས་སྐར་མ་ཤར་བ་ལྟར་གསལ་བ་བཀོད་ཡོད་ཚུལ་བཤད་ཀྱང་། ས་ཁྲ་དེའི་ནང་བོད་རྒྱ་ཁོངས་ཡིན་པ་གསལ་མེད། ཕྱི་ལོ་ ༡༧༨༧ ལོར་གོར་བོད་དམག་འཁྲུག་སྐབས་མན་ཇུས་བོད་དུ་དམག་རོགས་བཏང་བ་རྒྱུ་མཚན་དུ་བྱས་ནས་བོད་རྒྱ་ཁོངས་ཡིན་པའི་རང་སྣང་གང་དྲན་གྱི་འགྲེལ་བཤད་བྱས་པར་རྒྱུ་མཚན་སྤུ་ཙམ་མེད། གལ་ཏེ་འདི་རྒྱུ་མཚན་དུ་བརྩིས་དགོས་ན། ཕྱི་ལོ་ ༡༩༤༥ ལོར་ཨུ་རུ་སུས་རྒྱ་ནག་ལ་དམག་རོགས་འབོར་ཆེན་བཏང་སྟེ་རྒྱའི་བྱང་ཤར་ས་ཁུལ་དུ་ཡོད་པའི་ཉི་ཧོང་གི་དམག་རྣམས་གཏོར་ཏེ་ཁུལ་དེའི་མི་མང་འཇིགས་པ་ལས་བསྐྱབས་ཡོད་པས་ས་ཁུལ་དེ་དག་རུ་སུའི་ཁོངས་ཡིན་བརྗོད་ཐབས་ཡོད་དམ། རྒྱ་དམར་རང་ཉིད་ཀྱིས་ཕྱི་ལོ་ ༡༩༥༠ – ༡༩༥༣ བར་ཀོ་རི་ཡ་ལྷོ་བྱང་དམག་འཁྲུག་སྐབས་བྱང་མར་གོ་མཚོན་དང་། དམག་རོགས་བཏང་ཡོད་པས་ཀོ་རི་ཡ་བྱང་མ་རྒྱ་ཁོངས་ཡིན་ཞེས་བརྗོད་ཐུབ་བམ། བོད་དང་མན་ཇུ་དབར་མཆོད་ཡོན་གྱི་འབྲེལ་བའི་རྨངས་གཞིའི་ཐོག་ཁྱིམ་མཚེས་རྒྱལ་ཁབ་སྤྱི་མཚུངས་ལྟར་སྐབས་རེ་ཕན་ཚུན་རྒོལ་འཛིངས་དང་། སྐབས་རེ་ཕན་ཚུན་རོགས་སྐྱོར་བྱས་པའང་བྱུང་ཡོད་པ་ནི་གནས་ཚུལ་ཁག་ཁག་རེད། ཕྱི་ལོ་ ༡༩༠༤ ལོར་དབྱིན་དམག་གིས་ལྷ་ས་བར་དཔུང་འཇུག་བྱས་ཡོད། བོད་རྒྱ་ཁོངས་ཡིན་ཚེ། སྐབས་དེར་རྒྱ་ཁོངས་རྒྱ་ནག་ཡིན་པའི་དཔུང་རོགས་དགོས་ཀྱང་རྒྱ་དམག་གཅིག་ཀྱང་དབྱིན་འགོག་དམག་འཐབ་ནང་ཞུགས་མེད། བོད་གཞུང་ནས་ཀྱང་རྒྱ་ནག་ཕྱི་རྒྱལ་བའི་ཁོངས་སུ་བཞག་སྟེ་དམག་བསྐུལ་འབྲེལ་བ་གནང་མེད། ཕྱི་ལོ་ ༡༩༠༤ ལོར་དབྱིན་ཇིས་བོད་ལ་བཙན་འཛུལ་སྐབས་བོད་སྡོད་ཨམ་བན་ཡུའུ་ཐའེ་ནས་ལོ་དེའི་ཟླ་ ༦ ཚེས་ ༢༢ ཉིན་འབྲས་དང་གྲོ་ཞིབ་དོ་གྲངས་མང་པོ་དང་། གཡག་ལུག་ཀྱང་ཕོན་ཆེ་འཁྲིད་དེ་སྣེ་ལེན་ཐོག་དབྱིན་ཇིའི་དམག་དཔུང་ཡོངས་ལ་ཉིན་གཉིས་ཀྱི་གསོལ་སྟོན་བཤམས་པ་རེད། དེས་བོད་དབྱིན་དམག་འཁྲུག་རྒྱ་ནག་དང་འབྲེལ་མེད་ཀྱི་བསམ་བློ་བཅངས་པ་ཡིན་པ་བསྟན་པ་རེད། འོན་ཀྱང་དེང་སང་དེ་དུས་ཆིང་རྒྱལ་རབས་རུལ་སུངས་ཉམས་ཞན་དུ་གྱུར་ནས་བོད་ལ་དམག་རོགས་གཏོང་རྒྱུའི་ནུས་པ་མེད་ཅེས་བཤད་པ་ནི་བདེན་པས་ཕོངས་པའི་གཏམ་ཁོ་ནར་ཟད། གང་ཡིན་ཟེར་ན། དབྱིན་དམག་ལྷ་སར་སླེབས་ནས་ལོ་དྲུག་གི་རྗེས་ཆིང་རྒྱལ་རབས་རྩ་འཐོར་སོང་ཉེའི་སྔ་ལོ་སྟེ། ༡༩༡༠ ལོར་མན་ཆིང་གོང་མས་བོད་ལ་ལུའུ་ཅུན་རྟ་དམག་བཏང་སྟེ་བཙན་འཛུལ་བྱས། རྒྱ་དམག་གིས་ལམ་བར་བོད་མི་དམར་གསོད་དང་། རྒྱུ་དངོས་འཕྲོག་བཅོམ། བཙན་གཡེམ། དགོན་པ་མེར་བསྲེགས་གཏོང་བཞིན་ལོ་དེའི་ཕྱི་ཟླ་ ༢ ཚེས་ ༡༢ ཉིན་ལྷ་སར་འབྱོར་རྐྱེན་ྋགོང་ས་སྐུ་ཕྲེངས་ ༡༣ པ་ཆེན་པོ་རྒྱ་གར་ལ་བྲོས་བྱོལ་དུ་ཕེབས་དགོས་བྱུང་། གནད་དོན་འདིས་ཆིང་གོང་མ་རུལ་སུངས་སུ་གྱུར་ནས་བོད་ལ་དབྱིན་འགོག་དམག་རོགས་གཏོང་བའི་ནུས་པ་མེད་ཟེར་བའི་རྫུན་གཏམ་གྱི་མཐིལ་བརྟོལ་བ་རེད། ཡང་། རྒྱ་ཕྱོགས་ནས་བོད་སྡོད་ཨམ་བན་གྱིས་བོད་གཞུང་གི་སྲིད་དབང་བཟུང་ཆོག་གི་ཡོད་ལུགས་བརྗོད་པ་ནི་སྨྱོ་ལབ་བརྒྱབ་པ་ཞིག་རེད། བོད་སྡོད་ཨམ་བན་ལ་ཆ་མཚོན་ན། བོད་གཞུང་གི་ཆོས་སྲིད་ཀྱི་ལས་དོན་གང་ལའང་ཐེ་བྱུས་བྱེད་པའི་དབང་ཆ་ཏིལ་འབྲུ་ཙམ་མེད། བོད་སྡོད་བལ་པོ་དང་། རྒྱ་གར་བ། འབྲུག་པ། སོག་པོ། ཁ་ཆེ་ཚོ་ལྟར་ཨམ་བན་ཡང་ཕྱི་རྒྱལ་བའི་ངོ་བོའི་ཐོག་ནས་སྡོད་ཀྱི་ཡོད། དེའི་རྒྱུ་མཚན་ནི། ྋརྒྱལ་ཐོག་གང་ཞིག་དགོངས་པ་རྫོགས་པ་ནས་སྐུ་ཕྲེང་རྗེས་མས་རྒྱལ་སྲིད་ཐུགས་འགན་མ་བཞེས་བར་བོད་ལྗོངས་ཚོགས་འདུ་རྒྱས་འཛོམས་ཐོག་ནས་རྒྱལ་ཚབ་བོད་མི་རང་ནས་བསྐོ་འདེམས་བྱེད་ཀྱི་ཡོད། རྒྱ་གཞུང་གིས་བརྗོད་པ་བཞིན་བོད་རྒྱ་ནག་གི་ཆ་ཤས་ཡིན་ཚེ། ྋརྒྱལ་བ་མ་བཞུགས་པའི་དུས་ཡུན་རིང་བོད་ཀྱི་སྲིད་དབང་ཨམ་བན་གྱི་ལག་ཏུ་ཡོད་དགོས་པ་མ་ཡིན་ནམ། ཕྱི་ལོ་ ༡༧༥༠ ཟླ་ ༡༠ ཚེས་ ༡༣ ཉིན་ལྷ་སྡོད་ཨམ་བན་གྱིས་བོད་ཀྱི་སྲིད་སྐྱོང་ཝང་འགྱུར་མེད་རྣམ་རྒྱལ་དཔོན་གཡོག་གསུམ་ལྷ་ས་ཁྲོམ་གཟིགས་ཁང་དུ་གདན་ཞུས་ཐོག་བཀྲོངས་པར་བརྟེན། བོད་མི་དམངས་ཁྲོས་ཏེ་དེ་ཉིན་རང་དུ་ཨམ་བན་གཙོ་གྱུར་རྒྱའི་ཞི་དྲག་ལས་བྱེད་བརྒྱ་ལྷག་ཙམ་ཚོུད་གཉིས་ནང་ཚུད་ཁྲོམ་གཟིགས་ཁང་ཉེ་འགྲམ་དུ་དུས་གཅིག་ཏུ་རྩ་མེད་བཏང་ཡོད། དེ་ནས་ས་ཆ་དེར་རྒྱ་འབུམ་སྒང་ཞེས་མིང་ཆགས་ཡོད། དེ་བཞིན་ཕྱི་ལོ་ ༡༩༡༡ ལོར་མན་ཇུ་གོང་མ་ཐོར་ཞིག་སོང་བ་དང་སྦྲགས་ལྷ་སྡོད་ཨམ་བན་ཅན་མན་ཇུའི་དཔོན་དམག་རྣམས་རྒྱ་གར་བརྒྱུད་རྒྱ་ནག་ཏུ་ཕྱིར་སློག་བཏང་། ཁམས་ཁུལ་དུ་ཡོད་པའི་རྒྱ་དམག་ཚོ་ཁག་རྣམས་དམག་སྤྱི་བཀའ་བློན་བླ་མ་བྱམས་པ་བསྟན་དར་གྱིས་རིམ་བཞིན་མཐར་སྐྲོད་བཏང་། དེ་རྗེས་ཕྱི་ལོ་ ༡༩༤༩ ཟླ་ ༧ ཚེས་ ༨ ཉིན་བོད་གཞུང་གིས་གོང་མིང་ཏང་གི་ལྷ་སྡོད་གཞུང་ཚབ་ཁང་ཕྱིར་འཐེན་དགོས་པའི་བཀའ་ཁྱབ་བཏང་བ་དང་ཆབས་ཅིག་བོད་སྡོད་རྒྱ་རིགས་ཡོངས་རྫོགས་རྒྱ་ཡུལ་དུ་མཐར་སྐྲོད་བཏང་ཡོད། དེ་ལྟར་བོད་གཞུང་དམངས་ཀྱིས་སྔ་ཕྱི་བར་གསུམ་དུ་བོད་རྒྱ་ནག་གི་མངའ་འོག་ཏུ་ནམ་ཡང་ངོས་ལེན་གནང་རིགས་མེད། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་རྒྱ་ནག་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་དང་། རྒྱ་རིགས་རྣམས་ཕྱི་མི་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དཔེར་ན། ཕྱི་ལོ་ ༡༦༧༩ ལོར་ྋགོང་ས་ལྔ་པ་ཆེན་པོའི་སྐུ་དུས་གཏན་འབེབས་གནང་བ་ “བླང་དོར་གསལ་བར་སྟོན་པའི་དྲང་ཐིག་དྭང་ཤེལ་མེ་ལོང་ཉེར་གཅིག་” ཅེས་པའི་ཁྲིམས་ཡིག་དོན་ཚན་བཅུ་བདུན་པའི་ནང་ “གོང་མ་རྒྱལ་པོས་མཚོན་པའི་ཕྱོགས་མཐའི་རྒྱལ་ཁབ་རྣམས་” ཞེས་གསལ་ཡོད་པ་ནས་རྒྱ་ནག་ཕྱིའི་རྒྱལ་ཁབ་ཏུ་འཇོག་པ་གནང་ཡོད་པ་འདི་ནི་བོད་རྒྱ་ནག་དང་ཐ་དད་པའི་རྒྱལ་ཁབ་ཅིག་ཡིན་པའི་དཔང་རྟགས་ཡིན། ཡང་། རྒྱ་ཕྱོགས་ནས་ཧོར་དང་མན་ཇུ་གོང་མ་རིམ་བྱོན་གྱིས་བོད་ཀྱི་བླ་དཔོན་ལ་གོ་མིང་དང་། འཇའ་ས་ (བཀའ་ཤོག་) ཐམ་ག་ཕུལ་བ་རྒྱུ་མཚན་དུ་བྱས་ཏེ་བོད་རྒྱ་ཁོངས་ཡིན་པར་སྒྲུབ་ཀྱི་ཡོད་པ་རེད། དེ་ལྟར་ཡིན་ན། ཕྱི་ལོ་ ༡༢༨༨ ལོར་ཡོན་གོང་མ་ཀུབ་ལའི་ཁང་གིས་ཀོ་རི་ཡའི་རྒྱལ་སྲས་ཝང་ཡོན་ཞེས་པར་དངུལ་གྱི་ཐམ་ག་སྤྲད་པ་དང་། ཕྱི་ལོ་ ༡༦༦༥ ལོར་མན་ཇུ་གོང་མ་ཁང་ཞུའི་སྐབས་ཝི་ཀྲི་ནམ་ཨན་ནན་གྱི་རྒྱལ་པོར་འཇའ་ས་དང་ཆོ་ལོ་ (གོ་གནས་) སྤྲད་པ་དང་། ཕྱི་ལོ་ ༡༧༩༣ ལོར་མན་ཇུ་ཆན་ལུང་གིས་བལ་ཡུལ་རྒྱལ་པོ་ར་ན་བྷ་རྡུར་ཤཱ་ (Rana Bhadur Shah) ལ་ཝང་གི་གོ་གནས་ཏོག་དང་སྒྲོ་མདོངས་བཅས་སྤྲད་ཡོད་པའི་རྒྱུ་མཚན་གྱིས་ཡུལ་ཁག་དེ་ཚོ་རྒྱ་ཁོངས་སུ་བསྒྲུབ་ཐུབ་ཀྱི་ཡོད་ན། ཕྱི་ལོ་ ༡༥༧༨ ལོར་ྋརྒྱལ་མཆོག་བསོད་ནམས་རྒྱ་མཚོས་ཧོར་རྒྱལ་པོ་ཨལ་ཐན་ཧན་ལ་ཆོས་ཀྱི་རྒྱལ་པོ་ལྷའི་ཚངས་པ་ཆེན་པོ་ཞེས་པའི་མཚན་བསྟོད་དང་། ྋརྒྱལ་མཆོག་ལྔ་པ་ཆེན་པོས་ཕྱི་ལོ་ ༡༦༥༣ ལོར་མན་ཇུའི་གོང་མ་ཧྲུན་ཀྲི་ལ། གནམ་གྱི་ལྷ་འཇམ་དབྱངས་གོང་མ་བདག་པོ་ཆེན་པོ་ཞེས་པའི་མཚན་བསྟོད་གནང་ཡོད་པས་སོག་པོ་དང་རྒྱ་ནག་བོད་ཁོངས་ཡིན་ནམ། ཕྱི་ལོ་ ༡༩༡༩ ལོར་རྒྱ་ནག་མི་སེར་རྒྱལ་ཁབ་ཀྱིས་སོག་པོ་ཁལ་ཁ་རྗེ་བཙུན་དམ་པར་གསེར་ཤོག་ཐོག་བྲིས་པའི་ཆོ་ལོ་དང་རྗེ་བཙུན་དམ་པ་ཧོ་ཐོག་ཐུ་ཧན་ཞེས་པ་དང་། གསེར་ཐམ་ཕུལ་ཡོད་པས་ཕྱི་སོག་རྒྱ་ཁོངས་ཡིན་ལུགས་བཤད་ཕོད་དམ། ཕྱི་ལོ་ ༢༠༠༨ ལོར་གོང་ས་ཆེན་པོར་ཨ་རིའི་གསེར་གྱི་གཟེངས་རྟགས་ཕུལ་ཡོད་པས་བོད་ཨ་རིའི་ཁོངས་སུ་བསྒྲུབ་ཐུབ་བམ། ཧོར་རམ་ཡོན་རྒྱལ་རབས་ནས་བཟུང་རྒྱའི་སྲིད་འཛིན་དབང་བསྒྱུར་ཡོད་པའི་ས་ཁོངས་རྣམས་ཞིང་ཆེན་དུ་དབྱེ་སྐབས་བོད་པ་རང་ཤུགས་སུ་རྒྱ་ཁོངས་ལ་མེད་པ་དཔེར་ན། ཡོན་རྒྱལ་རབས་ཐོག་མའི་སྐབས་རྒྱ་ཞིང་ཆེན་བཅུ་གསུམ་དུ་ཕྱེ་ཡོད་པ་དང་། མིང་རྒྱལ་རབས་སྐབས་རྒྱ་ཞིང་ཆེན་བཅོ་ལྔར་ཕྱེ་ཡོད། དེ་རྗེས་ཞིང་ཆེན་བཞི་བསྣན་ཏེ་ཞིང་ཆེན་ཉི་ཤུ་རྩ་གཉིས་བཟོས་པ་དང་། ཕྱིས་སུ་རྒྱ་ནག་གོང་མིང་ཏང་སྲིད་གཞུང་བཙུགས་པ་ནས་རྒྱ་ཞིང་ཆེན་ཉི་ཤུ་རྩ་བརྒྱད་བཅས་བཟོས་ཡོད་པ་དེ་དག་ཚང་མའི་ནང་བོད་བསྡུ་མ་ནུས་པ་དེ་ཐོག་ནས་བོད་རྒྱ་ཁོངས་མིན་པ་ར་འཕྲོད་གསལ་པོ་བྱུང་ཡོད། དེ་བཞིན་ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་ཡོངས་རྫོགས་དམར་པོར་བསྒྱུར་རྗེས་མི་རིགས་བཅུ་ཕྲག་འདུས་ནས་བཙུགས་པའི་གཞུང་དེའི་ཁོངས་སུ་ཐོག་མར་བོད་མི་རིགས་ཚུད་མེད། ཕྱིས་སུ་རྒྱ་བསྐྱེད་རིང་ལུགས་དང་མི་སེར་སྤེལ་ཡུལ་གྱི་བསམ་མནོ་འཁོར་ཏེ་བཅུག་པ་ཞིག་རེད། དེ་ཡིན་པའི་རྒྱུ་མཚན་ནི་རྒྱ་ནག་ཡོངས་རྫོགས་གཅིག་ཏུ་བསྒྲིལ་ནས་སྲིད་གཞུང་བཙུགས་ཟིན་རྗེས་གཞི་ནས་བོད་ལ་དཔུང་འཇུག་བྱས་པ་རེད། ཡང་། རྒྱ་ཕྱོགས་ནས་ྋགོང་ས་ཏྭ་ལའི་བླ་མའི་ཡང་སྲིད་ངོས་འཛིན་ཞུ་སྐབས་གསེར་བུམ་དཀྲུག་དགོས་པ་དེ་རྒྱ་ནག་གོང་མར་ཏྭ་ལའི་བླ་མའི་ཡང་སྲིད་བསྐོ་གཞག་ཞུ་བའི་དབང་ཚད་ཡོད་པའི་དཔང་རྟགས་ཡིན་ཁུལ་འཁྱོག་བཤད་བྱེད་ཀྱི་ཡོད། གསེར་བུམ་དཀྲུག་པ་ཆོས་ཕྱོགས་ཀྱི་བྱེད་སྒོའི་གྲས་ཤིག་ཡིན། རྒྱ་ནག་གོང་མར་ཡང་སྲིད་བསྐོ་གཞག་གི་དབང་ཆའམ། ཐེ་བྱུས་བྱེད་པའི་དབང་ཆ་གང་ཡང་མེད། སྔ་ཕྱི་བར་གསུམ་དུ་ྋརྒྱལ་བ་སྐུ་ཕྲེང་རིམ་བྱུང་གི་ཡང་སྲིད་རྩད་གཅོད་ཞུ་སྒོ་ཐམས་ཅད་བོད་གཞུང་རང་གིས་ཐག་གཅོད་བྱེད་ཀྱི་ཡོད་པ་ྋརྒྱལ་བ་རིམ་བྱོན་གྱི་གསུང་རྣམ་དུ་གསལ་ཡོད། གསུང་རྣམ་དེ་ཚོ་ཆབ་སྲིད་ཀྱི་དགོས་མཁོར་གཞིགས་ཏེ་ཉེ་བའི་ལོ་ཤས་ནང་ཕྱོགས་བསྒྲིགས་ཞུས་པ་ཞིག་མ་རེད། ལར་ནས་ྋརྒྱལ་བའི་ཡང་སྲིད་ངོས་འཛིན་ཞུས་ཚད་ལ་གསེར་བུམ་དཀྲུག་དགོས་པའང་བྱུང་མེད། དཔེར་ན། ྋརྒྱལ་བ་སྐུ་ཕྲེང་དང་པོ་ནས་དགུ་པ་བར་དང་། ཐག་ཉེ་ས་ནས་བརྗོད་ན་ྋརྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་དང་བཅུ་བཞི་པ་ཆེན་པོ་ལྟ་བུའོ། གལ་ཏེ་གསེར་བུམ་དཀྲུག་འདོན་དེ་རྒྱའི་གོང་མའི་དབང་ཚད་ཡིན་ཟེར་ན། གསེར་བུམ་མ་དཀྲུག་པར་ངོས་འཛིན་ཞུས་པ་དེ་དག་རྒྱ་ནག་གོང་མ་བརྩི་མེད་རྡོག་རོལ་དུ་བཏང་བ་མིན་ན་ཅི་ཡིན། བོད་མི་རིགས་ཀྲུང་ཧྭ་མི་རིགས་ཀྱི་གྲུབ་ཆ་གལ་ཆེ་ཞིག་ཡིན་པ་དང་། ཀྲུང་གོ་ནི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་ལུགས་ཟེར་ཐད། མིང་ཚིག་འདིའི་འབྱུང་ཁུངས་དང་ཁྱབ་ཚད་ནི། རྒྱའི་ཡིག་ཆ་རྙིང་པ་དང་ཚིག་མཛོད་ནང་། ཀྲུང་གོ་ནི་རྒྱལ་སའམ། རྒྱལ་པོ་བཞུགས་ས་དབུས་ཡིན་པའི་ཆ་ནས་དེ་ལ་ཀྲུང་གོ་ཞེས་གོ་བར་གསལ། འོན་ཀྱང་དེང་སང་ཚད་ལས་བརྒལ་བའི་རྒྱ་བསྐྱེད་བེད་སྤྱོད་བྱེད་བཞིན་པ་རེད། དེ་བཞིན་ ‘བོད་ས་གནས་སྲིད་གཞུང་’ ཟེར་བའང་སྔར་གྱི་གཞུང་འབྲེལ་ཡིག་ཆ་གང་གི་ནང་དུའང་བརྗོད་ཚིག་འདི་འདྲ་བེད་སྤྱོད་བྱས་རིགས་བྱུང་མེད། ཕྱི་ལོ་ ༡༩༥༡ ལོར་བཙན་དབང་འོག་ཏུ་བཞག་དགོས་བྱུང་བའི་གྲོས་མཐུན་དོན་ཚན་ ༡༧ ཟེར་བ་འཇོག་སྐབས་དགོས་དབང་གིས་གསར་བཅོས་བྱས་པའི་ཚིག་གསར་ཞིག་རེད། ཕྱོགས་གཞན་ནས་བརྗོད་ན། བོད་ས་གནས་ཟེར་བ་དེས་རྒྱ་ནག་གི་ས་གནས་མིན་པ་བསྟན་ཡོད། བོད་ས་གནས་སྲིད་གཞུང་ཞེས་ཚིག་བཅོས་བྱས་རུང་མ་བྱས་རུང་གཞུང་དེ་བོད་མི་མང་གི་གཞུང་རེད། བོད་མི་མང་ལ་གཞུང་དེ་ལས་གཞན་པའི་གཞུང་གཉིས་པ་ཞིག་ཡོད་མ་རེད། རྒྱའི་ས་གནས་དང་བོད་ཀྱི་ས་གནས་གཅིག་པ་མ་རེད། གོང་གི་ལོ་རྒྱུས་ཀྱི་དབང་རྟགས་དང་། ལུང་རིགས་ཀྱི་རྒྱུ་མཚན་དེ་དག་ལ་ཕྱོགས་ལྷུང་སྤང་པའི་སྒོ་ནས་བློ་གཟུ་བོར་གནས་པའི་ཐོག་དངོས་བྱུང་གི་ལོ་རྒྱུས་ལ་ཞིབ་དཔྱད་མཛད་ན། ཆུ་དང་འོ་མ་རོ་གཅིག་ཏུ། འདྲེས་པ་ངང་པའི་མཆུ་ཡིས་འབྱེད། གསུང་པ་ལྟར་བོད་རྒྱའི་གནས་སྟངས་ལས་སླར་གསལ་རྟོགས་ཐུབ་ངེས་ཡོད།། །།