བཙན་བྱོལ་བོད་གཞུང་ཞེས་པ་མུ་མཐུད་བེད་སྤྱོད་ཞུ་རྒྱུ་ཡིན།

ཟླ་འདིའི་ཚེས་༧ ཉིན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་སྐོང་འཚོག་གནང་ཞིང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་ཚེ་དབང་རིག་འཛིན་དང། ཚོགས་གཞོན་དོན་གྲུབ་ལྷ་དར། དྲུང་ཆེ་བསྟན་འཛིན་ཆོས་སྐྱིད་བཅས་ཆེད་ཕེབས་ཀྱིས། ཐོག་མར་ཚོགས་གཙོ་ཚེ་དབང་རིག་འཛིན་གྱིས་གསར་འགོད་གསལ་བསྒྲགས་སྒྲོགས་སྦྱང་གནང་དོན། དཀའ་ཚེགས་དང་གནོན་ཤུགས་སྣ་ཚོགས་བརྒྱུད་མི་ལོ་༥༢ ལྷག་བཙན་བྱོལ་བོད་གཞུང་གི་མཚན་བྱང་རྒྱུན་འཆང་བདག་ཉར་གནང་བ་ནི། ང་ཚོ་བཙན་བྱོལ་བོད་མི་ཚོའི་རླབས་ཆེན་གྱི་གྲུབ་འབྲས་དང་བོད་རང་བཙན་གྱི་བདེན་རྟགས་ཧ་ཅང་ཆེན་པོ་ཞིག་ཡིན།

བར་ལམ་བོད་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་སྐབས། ཚོགས་ཆུང་ནང་ཁུལ་ཧ་ཅང་ཚད་མཐོ་བའི་མང་མོས་དང། མཐའ་མའི་སྤྱི་ཡོངས་གཏན་འབེབས་སྐབས་ཚོགས་ཆེན་ཐོག་བཙན་བྱོལ་བོད་གཞུང་གི་མཚན་བྱང་མུ་མཐུད་གནས་དགོས་པའི་སྤྱི་མོས་ཀྱི་གཏན་འབེབས་བྱུང་ཡོད་ཀྱང། བོད་མི་མང་སྤྱི་འཐུས་སྐབས་༡༤ པའི་ཚོགས་དུས་འཕར་མའི་ཐོག་སྤྱི་འཐུས་རྣམ་པས་བོད་རྒྱལ་ཡོངས་ཚོགས་ཆེན་སྐབས་མི་མང་གི་མོས་མཐུན་དང་གཏན་འབེབས་བྱུང་ཟིན་པ་ལས་ལྡོག་སྟེ། བཅའ་ཁྲིམས་ནང་བཙན་བྱོལ་བོད་གཞུང་གི་མཚན་བྱང་ཕྱིར་བསྡུ་བྱས་ཏེ། བོད་མིའི་སྒྲིག་འཛུགས་སུ་བསྒྱུར་བ་མ་ཟད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་སྔ་རྗེས་ཞུ་སྙན་དང་བསམ་འཆར་ཡིག་ཆ་བརྒྱུད། མཐའ་མའི་ཐག་གཅོད་དེ་བཞིན་བྲེལ་འཚུབ་ངང་མི་གནང་བར། ཕྱིར་འགྱངས་ཀྱིས་རྒྱལ་སྤྱིའི་ཁྲིམས་ལུགས་སོགས་ཀྱི་ཐད་ཁྱད་ལས་མཁས་པ་གདན་ཞུས་ཀྱིས་གོ་བསྡུར་ལམ་སྟོན་བརྒྱུད། སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐོག་ཞིབ་ལྷོད་ངང་མཐའ་མའི་ཐག་གཅོད་གནང་སྐྱོང་ཡོང་བའི་ཛ་དྲག་འབོད་སྐུལ་ཞུས་ཀྱང། གྲོས་ཚོགས་ནས་དགོས་ངེས་ཀྱི་དུས་ཚོད་དང་ཁ་གསལ་ཚགས་ཚུད་ཀྱི་ལས་རིམ་མེད་པར། དུས་ཐུང་ནང་གནད་འགག་དང་ཉེན་ཁ་ཆེ་བའི་འགྱུར་བ་དེ་ལྟར་བཏང་བར་ཧ་ཅང་བློ་འཚབ་ཆེ།

འགྱུར་བ་ཇི་ལྟར་ཕྱིན་ཀྱང། བོད་རྒྱལ་ཁབ་ཀྱི་བདག་པོ་ནི་བོད་མི་མང་ཡིན་པས། ང་ཚོའི་སེམས་ཤུགས་ནམ་ཡང་ཆག་མི་རུང་ལ། དགྲ་གཉེན་དེ་བས་ནོར་མི་རུང་བར་རྡོག་རྩ་ཆིག་སྒྲིལ་བྱ་རྒྱུ་ནི་ཧ་ཅང་གནད་ཆེ་བར་བརྟེན། དེ་རིང་གི་འགྱུར་བ་འདིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་བློ་ཕམ་ཤིན་ཏུ་ཆེ་ཡང། ང་ཚོའི་ཆིག་སྒྲིལ་དང་རེ་བ་གསོན་པོར་གནས་རྒྱུ་དེ་ཉིད་གལ་ཆེ་ཤོས་སུ་བརྩིས་ཏེ། བོད་མིའི་སྒྲིག་འཛུགས་ཟེར་བར་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བཙན་བྱོལ་བོད་གཞུང་རང་ལ་ངོས་འཛིན་གུས་བཀུར་གྱིས་བཙན་བྱོལ་བོད་གཞུང་ཞེས་པའི་མཚན་བྱང་མུ་མཐུད་བེད་སྤྱོད་ཞུ་རྒྱུ་དང། དེ་བཞིན་གཞོན་ལྷན་གྱིས་རང་འགན་རང་ཁུར་ངང་མ་འོངས་པར་ཡང་སྔར་ལྟར། དམངས་གཙོའི་བརྒྱུད་རིམ་ལས་བརྒལ་བའི་སྒོ་ནས་འཕྱར་གྲུ་མཉམ་འདེགས་ཞུ་རྒྱུ་དེ་རིང་གསལ་བརྗོད་བྱ་རྒྱུ་མ་ཟད། དེ་བཞིན་གངས་ཅན་པ་ཡོངས་ནས་ཀྱང་གཞུང་བཀུར་ཆིག་སྒྲིལ་གནང་རྒྱུའི་གདེང་སྤོབས་དང་རེ་སྐུལ་ནན་པོ་ཞུ་རྒྱུ་ཡིན།

tyc_press02ལྷག་པར་བོད་མི་མང་གི་མངོན་འདོད་དང། བོད་རང་བཙན་གྱི་བདེན་དོན་སྲུང་སྐྱོབ། དེ་བཞིན་མ་འོངས་བོད་རང་བཙན་སླར་གསོའི་འཐབ་རྩོད་ཀྱི་དགོས་མཁོའི་ཆེད། ལོ་ངོ་བརྒྱ་ཕྲག་དུ་མའི་ཁྲིམས་མཐུན་གྱི་བརྒྱུད་རིམ་དང་ལོ་རྒྱུས་ལྡན་པའི་བོད་གཞུང་གི་མཚན་བྱང་དང་མཚོན་རྟགས་རྣམས་ང་ཚོས་མུ་མཐུད་གཅེས་ཉར་དགོས་པ་ཧ་ཅང་གལ་འགངས་ཆེ་བར་བརྟེན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བོད་རང་བཙན་སླར་གསོ་ཐུབ་ངེས་ཀྱི་གདེངས་སྤོབས་དང་ཆོད་སེམས་བརྟན་པོས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང། རྒྱལ་དར། རྒྱལ་རྟགས་རྙིང་པ། གྲོས་ཚོགས་སྐབས་བཅུ་བཞི་པའི་ཚོགས་དུས་འཕར་མའི་ཐོག་བསྐྱར་བཅོས་མ་བྱས་པའི་སྔོན་གྱི་བཅའ་ཁྲིམས། དེ་བཞིན་བོད་ཀྱི་རྩ་ཁྲིམས་བཅས་བདག་ཉར་ཞུས་ཏེ། མ་འོངས་བོད་རང་བཙན་སླར་གསོ་བྱུང་མཚམས་བོད་རྒྱལ་ཁབ་དང་མི་མང་ལ་རྩིས་འབུལ་བརྒྱུད་སྤྲོད་ཞུ་རྒྱུ་ཡིན་ཞེས། གཞིས་ལུས་སྤུན་ཟླ་རྣམ་པ་གཙོས་རང་རིགས་ཡོངས་དང། བོད་དོན་རྒྱབ་སྐྱོར་བ་རྣམ་པ། དེ་བཞིན་དགྲ་བོ་རྒྱ་ནག་གཞུང་བཅས་ལ་གསལ་བརྗོད་དང་རྒྱལ་སྤྱིའི་བྱུང་རབས་ཀྱི་དེབ་ཐེར་དུ་བཀོད་པ་ཡིན་ཞེས་སྒྲོགས་སྦྱང་གནང་སོང།

མཇུག་ཏུ་གསར་འགོད་པས། བོད་མི་མང་གི་སྐུ་ཚབ་སྤྱི་འཐུས་རྣམ་པས་མཚན་བྱང་གཏན་ལ་ཕབ་ནས་ཁྲིམས་སུ་བཅས་ཚར་བས། དེ་དང་མི་མཐུན་པ་བརྗོད་པ་ལྟ་བུ་ཆགས་ཀྱི་མ་རེད་དམ་ཞེས་དྲིས་པར། ཚོགས་གཞོན་དོན་གྲུབ་ལྷ་དར་གྱིས་གསུང་དོན། མི་མང་གི་སྐུ་ཚབ་ཡིན་པ་བདེན་པ་རེད། དེ་ལ་ང་ཚོས་གུས་བཀུར་ཞུ་ཡི་ཡོད། མི་མང་གི་སྐུ་ཚབ་ཡིན་ན་མི་མང་གི་འབོད་སྒྲ་དེའི་ཚབ་མཚོན་ཐུབ་དགོས་པ་རེད། དེ་རིང་དེ་ཐུབ་ཡོད་མ་རེད། དེ་གསལ་པོ་རེད། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་སྐབས་སུ་མི་མང་གི་འཐུས་མི་༤༡༨ ཀྱི་སྤྱི་མོས་བྱུང་བའི་ཐག་གཅོད་དེ། གྲོས་ཚོགས་ཀྱི་འཐུས་མི་རྣམ་པས་དེ་ལས་ལྡོག་པའི་ཐག་གཅོད་གནང་ཡོང་དུས། མི་མང་གི་སྐུ་ཚབ་ཀྱིས་མི་མང་གི་མངོན་འདོད་མཚོན་ཡོད་མ་རེད། རྒྱལ་ཁབ་གཞན་དང་རྒྱལ་སྤྱིས་ངོས་ལེན་བྱས་རུང་མ་བྱས་རུང། བོད་རྒྱལ་ཁབ་ཀྱི་བདག་པོ་ང་ཚོ་ཡིན་པའི་ཆ་ནས་ང་ཚོས་སོ་སོའི་ལོ་རྒྱུས་དང། གཞུང་ལ་གུས་བཀུར་གྱི་ངོས་འཛིན་མུ་མཐུད་གསོན་པོར་གནས་དགོས་པ་དེ་ང་ཚོའི་བདེན་པ་སྲུང་སྐྱོབ་དང། རང་བཙན་སླར་གསོའི་དགོས་མཁོ་ཆགས་ཀྱི་ཡོད་པ་རེད། དེར་བརྟེན་མི་མང་གི་མངོན་འདོད་ནི་གཞུང་མུ་མཐུད་གནས་དགོས་པ་དེ་ཡིན་སྟབས། དེ་ཁྲིམས་དང་ལྡོག་ཟླ་བྱས་པའི་གནས་ཚུལ་མ་རེད། མང་གཙོའི་ཁྲིམས་ཀྱི་ནང་དུ་མི་མང་གི་མངོན་འདོད་དེ་གསལ་པོ་སྟོན་པའི་ཐོབ་ཐང་ཡོད་པ་རེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་དེ་མི་མང་གི་སྒྲིག་འཛུགས་ཤིག་ཡིན་པར་བརྟེན། རྒྱལ་ཁབ་ཀྱི་ཆེ་མཐོང་སྲུང་སྐྱོབ་བྱེད་པ་དང། མི་མང་གི་འབོད་སྒྲ་གསལ་པོ་བཟོ་བའི་འགན་ཡོད་པའི་ཆ་ནས་དེ་རིང་ང་ཚོས་གསལ་པོ་བཟོ་དགོས་པ་ཆགས་ཀྱི་ཡོད་པ་རེད། ང་ཚོས་བཙན་བྱོལ་བོད་གཞུང་གི་མཚན་བྱང་ཕྱིར་བསྡུ་གནང་བ་དེར་ངོས་ལེན་བྱེད་མ་ཐུབ་ཀྱང། ཆིག་སྒྲིལ་གྱི་ཆེད་དུ་བོད་མིའི་སྒྲིག་འཛུགས་དེ་གཞུང་ནང་བཞིན་གུས་བཀུར་དང། འཕྱར་གྲུ་མཉམ་འདེགས་བྱེད་རྒྱུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཐག་གཅོད་རེད་ལ། རྒྱ་ཆེའི་མི་མང་ལ་དེ་རང་འབོད་སྐུལ་ཞུ་ཡི་ཡོད། སྤྱིར་༧སྐྱབས་མགོན་རིན་པོ་ཆེས་༡༩༦༠ ནང་ནས་འགྱུར་བ་དགོས་པའི་བཀའ་གནང་ཡང། ང་ཚོའི་དབུ་ཁྲིད་དང་འཐུས་མི་ཚོས་ལས་འཆར་བང་རིམ་མ་བསྒྲིགས་པའི་རྒྱུ་མཚན་གྱིས་ཉི་མ་ཁ་ཤས་ཀྱི་ནང་ལས་རིམ་ཚགས་ཚུད་མེད་པ་གྲོས་ཚོགས་ནང་གསལ་པོ་མཐོང་ཡོད་པ་རེད། དེར་བརྟེན་ང་ཚོས་རྒྱལ་ཁབ་ཀྱི་ལས་དབང་དང་འབྲེལ་བ་ཡོད་པའི་ཐག་གཅོད་དེ་དུས་ཚོད་འདང་ངེས་ཤིག་དགོས་པར་བརྗོད་པ་རེད་ཅེས་གསུངས་སོང།།

{jcomments on}