འཛམ་གླིང་སྤྱི་ལ་ཕན་པའི་ལས་དོན་ཡག་ཤོས་ཡིན།

དེ་ཡང་བལ་ཡུལ་དུ་སྤྱི་ཚེས་༥ ཉིན་འཛམ་གླིང་ཁོར་ཡུག་གི་ཉིན་མོར་གཞུང་དང་འབྲེལ་ཡོད་ཚོགས་སྡེ། ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཁག་འདྲ་མིན་ནས་བྱེད་སྒོ་འདྲ་མིན་སྤེལ་ཐོག་རྒྱལ་སྤྱིའི་ཉིན་མོ་དེ་སྲུང་བརྩི་བྱས་སོང། ད་དུང་ཉིན་དེར་བལ་ཡུལ་རྒྱལ་ཡོངས་ནང་པའི་ཚོགས་པ་དང་། བལ་ཡུལ་ཀརྨ་སྲི་ཞུ་ཚོགས་པ། རྣམ་རྒྱལ་ཁོར་ཡུག་སྲུང་སྐྱོབ་ཚོགས་པ། པཎ་ཆེན་ཁོར་ཡུག་སྲུང་སྐྱོབ་ཚོགས་པ། ས་གནས་བུད་མེད་ཚོགས་པ། བཀའ་བརྒྱུད་ཚོགས་པ་སོགས་བལ་ཡུལ་གྱི་ནང་པའི་ཚོགས་སྡེ་ཁག་འདྲ་མིན་དང་བོད་མིའི་ཚོགས་པ་ཁག་མི་ཉུང་བས་མཉམ་དུ་མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར་དང་། འཕགས་པ་ཤིང་ཀུན་སོགས་ཀྱི་གཙོས་ས་གནས་ཁག་ལ་ཁོར་ཡུག་གཙང་བཟོ་དང་རྩི་ཤིང་འདེབས་འཛུགས་ཀྱི་བྱེད་སྒོ་སྤེལ་ཡོད་པ་རེད།

བལ་ཡུལ་ཀརྨ་སྲི་ཞུ་ཚོགས་པའི་འབྲེལ་ཡོད་ལས་བྱེད་པ་ཀརྨ་དགེ་འདུན་ནས་བརྗོད་དོན། ༸གོང་ས་མཆོག་གི་གཙོས་ནང་པའི་བླ་མ་སྐྱེས་ཆེན་དམ་པ་ཚོར་འཛམ་གླིང་གོ་ལའི་ང་ཚོའི་གཞིས་ཁྱིམ་གྱི་རང་བྱུང་ཁོར་ཡུག་གི་གནད་དོན་ཐད་དགོངས་བཞེས་ཟབ་མོ་ཡོད་པ་དང་དེ་སྲུང་སྐྱོབ་ཡག་པོ་བྱེད་རྒྱུ་དེ་ང་ཚོའི་མི་རེར་ཡོད་པའི་འགན་འཁྲི་དང་འཛམ་གླིང་སྤྱི་ལ་ཕན་པའི་ལས་དོན་གལ་འགངས་ཆེ་ཤོས་དང་ཡག་ཤོས་དེ་ཡིན་པ་ཚང་མའི་དགོངས་པ་སྤྱི་མཐུན་རེད། དེར་བརྟེན་ང་ཚོར་ཆ་བཞག་ན་༸དཔལ་རྒྱལ་དབང་ཀརྨ་པ་མཆོག་གི་རླབས་ཆེན་ཐུགས་ཀྱི་དགོངས་དོན་ལྟར། བཀའ་བརྒྱུད་དགོན་སྡེ་གྲྭ་ཚང་ཁག་ཚང་མ་ཡོད་པའི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་གསར་འཛུགས་གནང་བ་དང་། དེའི་ཐོག་དགོན་སྡེ་ཁག་ནས་རང་ཉིད་ཀྱི་ས་གནས་ས་ཐོག་ཏུ་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ལས་གཞི་ལག་བསྟར་བྱ་བའི་ཚོགས་པ་བཙུགས་ནས་རྒྱ་བལ་འབྲུག་གསུམ་དུ་ཧི་མ་ལ་ཡའི་ཁོར་ཡུག་ཤིང་ནགས་སྲུང་སྐྱོབ་དང་། རང་བྱུང་འཐུང་ཆུ་གསོག་འཇོག རི་སྐྱེས་སྲོག་ཆགས་གཅེས་སྲུང་། གནམ་གཤིས་འགྱུར་ལྡོག་ལ་བསྟུན་མཁས།  གད་སྙིགས་དོ་དམ་བྱ་རྒྱུ་སོགས་མཉམ་རུབ་གྱི་ལས་དོན་འདྲ་མིན་སྤེལ་བཞིན་ཡོད་ཟེར།

ཡང་རྣམ་རྒྱལ་ཁོར་ཡུག་ཚོགས་པའི་བསྟན་འཛིན་ཉི་མ་ལགས་ནས་བརྗོད་དོན། སའི་གོ་ལའི་སྟེང་འཚོ་བཞེས་བྱེད་མཁན་གྱི་མི་སུ་ཡིན་ཡང་རང་བྱུང་ཁོར་ཡུག་གི་གནད་དོན་དང་དེ་སྲུང་སྐྱོབ་བྱེད་རྒྱུ་ནི་དུས་ནམ་ཡང་བརྗེད་མི་རུང་བའི་དོན་དག་གལ་ཆེན་ཞིག་རེད། དེར་བརྟེན་མ་འོངས་མི་རབས་གསར་པའི་གཞོན་སྐྱེས་སློབ་ཕྲུག་ཚོར་སྔ་ས་ནས་བག་ཆགས་ཟབ་མོ་འཇོག་ཆེད་ང་ཚོས་སློབ་གྲྭའི་ནང་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་བཙུགས་ནས་མི་ལོ་ཉི་ཤུ་ལྷག་འགྲོ་བཞིན་པ་དང་། ད་བར་ལོ་ལྟར་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་བྱེད་སྒོ་འདྲ་མིན་སྤེལ་མུས་ཡིན་ཅེས་བརྗོད་བྱུང།

༸གོང་ས་མཆོག་གིས་དེ་སྔོན་ཕྱིའི་ཁོར་ཡུག་གི་ཐོན་ཁུངས་བག་མེད་ལོངས་སྤྱོད་བྱེད་པ་འདིས་འགྲོ་བ་མིའི་ཁྱིམ་ཚང་ལ་གནོད་སྐྱོན་ཆེན་པོ་བཟོ་ཡི་ཡོད། དེ་ནི་འགྲོ་བ་མིས་རང་བྱུང་སྣོད་བཅུད་ལ་བརྩི་མཐོང་མི་བྱེད་པ་དང༌། ཁོར་ཡུག་གི་གལ་ཆེའི་རང་བཞིན་མ་ཤེས་པ་ལས་བྱུང་བ་ཞིག་ཏན་ཏན་ཡིན། མི་ཚོར་ཁོར་ཡུག་སྐོར་གྱི་སློབ་སྦྱོང་སྤྲོད་རྒྱུ་གལ་ཆེན་པོ་རེད། ང་ཚོས་ཁོང་ཚོར་རང་བྱུང་གི་བཀོད་པ་དེ་ང་ཚོའི་འཕྲལ་ཕུགས་ཀྱི་བདེ་རྩ་དང་ཐད་ཀར་འབྲེལ་བ་ཡོད་པའི་གནད་དོན་ཡིན་པ་ཤེས་སུ་འཇུག་དགོས་ཅེས་གསུངས་ཡོད།

ལོ་རེའི་ཟླ་༦ ཚེས་༥ ཉིན་མོ་ནི་འཛམ་གླིང་རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་ཉིན་མོ་ཡིན་ལ། དེ་དང་ལྷན་ཁོར་ཡུག་གི་གནད་དོན་གལ་ཆེན་ཡིན་པས། འཛམ་གླིང་ཆུ་ཡི་ཉིན་མོ་དང་། སའི་གོ་ལའི་ཉིན་མོ། རྒྱལ་སྤྱིའི་སྐྱེ་དངོས་ཉིན་མོ། འཛམ་གླིང་བྱེ་འགྱུར་དང་ཐན་འགོག་ཉིན་མོ། རྒྱལ་སྤྱིའི་མཁའ་དབུགས་སྲུང་སྐྱོབ་ཉིན་མོ། རླངས་འཁོར་མེད་པའི་ཉིན་མོ་སོགས་འདྲ་མིན་ཁྱབ་བསྒྲགས་བྱས་ནས་སྲུང་བརྩི་བྱེད་བཞིན་པ་རེད།།