ཐ་སྙད་བརྗེས་ཀྱང་ནང་དོན་གཅིག་པ་ཡིན་ནམ།
བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་སྐབས་སུ་སྤྱི་མོས་ཀྱི་ཐོག་ནས་བཙན་བྱོལ་བོད་གཞུང་ཞེས་པའི་མིང་འགྱུར་བ་གཏོང་རྒྱུ་མེད་པའི་ཐག་གཅོད་བྱུང་ཡོད་པ་དང། ཚོགས་ཞུགས་པ་ཡོངས་རྫོགས་ལ་༧གོང་ས་མཆོག་གིས་བཀའ་སློབ་བསྩལ་བའི་སྐབས་བཙན་བྱོལ་བོད་གཞུང་ཞེས་པའི་ཐ་སྙད་དང་འབྲེལ་བའི་སྐོར་ལ་བླང་དོར་ལམ་སྟོན་ཟབ་མོ་བསྩལ་ཡོད་པ་མ་ཟད། རྒྱལ་ཡོངས་ཚོགས་ཆེན་གྱི་སྙན་ཞུའི་ནང་དོན་དང་འབྲེལ་བའི་བཀའ་ལན་སྐུ་སྒེར་དྲུང་ཆེའི་མཚན་ཐོག་ནས་གནང་བའི་ཕྱག་ཡིག་ནང་བོད་མིའི་སྒྲིག་འཛུགས་ཞེས་བཟོ་བཅོས་གནང་ཡོད་པར་བརྟེན། གྲོས་ཚོགས་ནང་དེའི་སྐོར་བགྲོ་གླེང་ཤུགས་ཆེ་གང་ཡང་མ་བྱུང་བར་དེ་རང་གཏན་འབེབས་གནང་ཡོད་པ་རེད།
བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་མི་མང་སྤྱི་འཐུས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་དང་པོའི་ཉིན་གཉིས་པར་གསལ་བཤད་གནང་བའི་སྐབས། ཐ་སྙད་བརྗེ་བ་ཙམ་ལས་དོན་དུ་གྲོས་ཚོགས་དང་། འཛིན་སྐྱོང། ཁྲིམས་ལུགས་དབང་འཛིན་བཅས་མང་གཙོའི་ཀ་བ་གསུམ་ཀ་གྲ་མ་ཞིག་གྲུ་མ་ཉམས་པར་གནས་ཡོད་པས། སྤྱི་ཚོགས་ནང་བཙན་བྱོལ་བོད་གཞུང་ཕྱིར་བསྡུ་བྱས་པ་རེད་ཟེར་བ་དང་། བོད་གཞུང་ཕྱིར་བསྡུ་བྱས་པ་རེད་ཟེར་བའི་དཀྲོག་གཏམ་མང་པོ་ཞིག་འགྲོ་བཞིན་ཡོད་ཀྱང། དོན་དུ་ཐ་སྙད་ཙམ་བརྗེ་མོ་བརྒྱབ་པ་ལས་སྒྲིག་འཛུགས་ཀྱི་ངོ་བོ་ལ་འགྱུར་བ་གང་ཡང་སོང་ཡོད་པ་མ་རེད་ཅེས་ནན་བཤད་གནང་ཡོད་པ་རེད། གནད་དོན་འདིའི་ཐོག་ནས་བསམ་ན་བཀའ་བློན་ཁྲི་པ་མཆོག་གིས་གསུངས་པ་བཞིན། ཐ་སྙད་བརྗེས་པ་ཙམ་ལས་བོད་གཞུང་གི་ལས་དོན་བྱེད་ཕྱོགས་ཀྱི་ཐོག་ལ་ ད་ལྟའི་ཆར་འགྱུར་བ་གང་ཡང་སོང་མེད་པ་དངོས་ཡོད་གནས་ཚུལ་དུ་གྱུར་ཡོད།
ད་ལྟ་བོད་གཞུང་གི་མིང་བསྒྱུར་བའི་སྐོར་ལ་བཙན་བྱོལ་ནང་བསམ་ཚུལ་འདྲ་མིན་ཤོད་བཞིན་པ་དང། དེའི་བྱུང་རིམ་གྱི་རྒྱབ་ལྗོངས་སྐོར་ལའང་འདྲ་མིན་སྣ་ཚོགས་ཤོད་བཞིན་ཡོད་པ་རེད། དོན་དུ་༧གོང་ས་མཆོག་གིས་རྒྱལ་ཡོངས་ཚོགས་ཆེན་གྱི་ཚོགས་ཞུགས་པ་རྣམས་ལ་བཀའ་སློབ་བསྩལ་བའི་སྐབས་བོད་གཞུང་གི་ལས་རྟགས་ནང་“བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་”ཞེས་པའི་ཚབ་ཏུ་“གངས་ལྗོངས་རང་དབང་མང་གཙོའི་ལྷན་ཁང་ངམ། སྒྲིག་འཛུགས་”ལྟ་བུ་བྱས་ན་ཞེས་གསུངས་ཡོད་ཀྱང། རྒྱལ་ཡོངས་ཚོགས་ཆེན་གྱི་ནང་ནས་བསམ་འཆར་བྱུང་བ་ཁག་སྤྱན་འབུལ་ཞུས་པའི་སྐབས་“བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག་”ཅེས་པ་དེར་མཚན་རྟགས་ཆོག་མཆན་བསྩལ་ཡོད་པ་རེད། བོད་གཞུང་གི་མིང་གི་སྐོར་སྐུ་སྒེར་དྲུང་ཆེའི་མཚན་ཐོག་ནས་ཕྱག་ཡིག་གནང་བའི་སྐབས་“བཙན་བྱོལ་བོད་མིའི་སྒྲིག་འཛུགས་”ཞེས་བསྩལ་ཡོད་ཀྱང། སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་སྒེར་དྲུང་ཆེ་བརྒྱུད་ཞལ་པར་གྱི་ལམ་ནས་བསྐྱར་དུ་འདྲི་རྩད་ཞུས་པར་“བོད་མིའི་སྒྲིག་འཛུགས”ཞེས་གནང་ཡོད་འདུག་ལ། ཡང་བསྐྱར་སྐུ་སྒེར་དྲུང་ཆེའི་མཚན་ཐོག་ནས་ཕྱག་ཡིག་གནང་བའི་ནང་དུའང་“བོད་མིའི་སྒྲིག་འཛུགས་”ཞེས་གནང་ཡོད་པ་རེད།
ད་ལན་མི་ལོ་༣༦༩ ཙམ་གྱི་ལོ་རྒྱུས་ཡོད་པའི་དགའ་ལྡན་ཕོ་བྲང་དང་༧གོང་ས་མཆོག་གི་སྐུ་དབང་རྣམས་མི་མང་གིས་འོས་འདེམས་བྱས་པའི་མགོ་ཁྲིད་རྣམས་ལ་རྩིས་སྤྲོད་གནང་ཡོད་པ་དང། དེ་དང་ཆབས་ཅིག་བཙན་བྱོལ་བོད་གཞུང་གི་མིང་ཡང་བརྗེ་བསྒྱུར་བྱས་པ་སོགས་བོད་པའི་ལོ་རྒྱུས་ནང་གི་འགྱུར་མཚམས་གལ་ཆེ་ཤོས་ཤིག་ཏུ་གྱུར་ཡོད་པ་རེད། གནད་དོན་འདིའི་ཐད་ནས་མི་མང་ཁྲོད་དུས་ཚོད་ཐུང་ངུའི་ནང་དང་ལེན་དང་བསམ་ཤེས་བྱེད་ཐུབ་པ་ཞིག་མིན་ཡང། གནས་སྟངས་དང་རྒྱུ་མཚན་གང་མང་ཞིག་གསེད་བཀྲོལ་བྱུང་བའི་རྗེས་སུ་དང་ལེན་མི་བྱེད་ཀ་མེད་ཀྱི་གནས་ཚུལ་ཞིག་ཏུ་གྱུར་ཡོད། གནད་དོན་འདི་ལ་བརྟེན་ནས་དང་བླངས་དཔྱ་ཁྲལ་སྤྲོད་རྒྱུ་མིན་ཚུལ་བརྗོད་མཁན་དང། ད་ནས་བཟུང་སྤྱི་དོན་དུ་ལས་ཀ་བྱེད་རྒྱུ་མིན་ཚུལ་བརྗོད་མཁན་ཡང་ཡོང་གི་ཡོད་འདུག་ཀྱང། མི་དེ་རིགས་ལ་བོད་མི་རིགས་དང་བོད་རྒྱལ་ཁབ་ལ་དགའ་ཞེན་ཡོད་པའི་ཚོར་སྣང་ཙམ་ལས། འགྱེལ་ས་ནས་ལངས་ཐུབ་པའི་ཆེད་དུ་སེམས་ཤུགས་བརྟན་པོ་མེད་པ་རང་ཤུགས་སུ་རྟོགས་ཐུབ།
གནད་དོན་འདི་དག་ལ་དབྱེ་ཞིབ་བྱས་པའི་སྐབས་འགོག་མེད་ཀྱི་བསམ་ཚུལ་ཞིག་ཡོད་པ་ནི། བོད་མི་རིགས་ལ་༧གོང་ས་མཆོག་གི་དབུ་ཁྲིད་དགོས་པ་དང། བོད་གཞུང་གི་མིང་ཡང་ངེས་པར་དུ་རྒྱུན་གནས་དགོས་པ་དེ་ཡིན། ༧གོང་ས་མཆོག་གི་དབུ་ཁྲིད་དང་འབྲེལ་བའི་སྐོར་བཅའ་ཁྲིམས་ཀྱི་དོན་ཚན་དང་པོ་ཞལ་བཞེས་གནང་བས་གཞིས་བྱེས་བོད་མི་ཡོངས་རྫོགས་ཀྱི་སེམས་པ་གཏད་ས་ཙམ་ཡོད་པར་གྱུར་ཡོད་ཀྱང། བོད་གཞུང་གི་ཐ་སྙད་འདི་ད་ནས་བཟུང་བཙན་བྱོལ་སྤྱི་ཚོགས་ནང་རྫོགས་ཚིག་བཀོད་ཟིན་པ་རེད། མ་འོངས་པར་འཕྲད་སྲིད་པའི་དཀའ་ངལ་ཁག་ལ་གདོང་ལེན་གྱི་ཆེད་དུ་ཐ་སྙད་བརྗེ་བསྒྱུར་བྱས་པ་ཞིག་ཡིན་ནའང། གནས་ཡུལ་གཞུང་གིས་བོད་དོན་ལ་འཛིན་པའི་སྲིད་བྱུས་ལ་འགྱུར་བ་མ་སོང་ན། མིང་རང་འཇགས་ལྷག་ཀྱང་ཁྱད་པར་མེད་པ་འདས་པའི་མི་ལོ་༥༢ ཙམ་གྱི་གནས་སྟངས་ལས་དཔོག་ཐུབ་པ་དང། སྲིད་བྱུས་ལ་འགྱུར་བ་འགྲོ་བའི་དབང་དུ་བཏང་ན། ལས་དོན་དངོས་ལ་བལྟ་བ་ལས་ཐ་སྙད་ཙམ་བརྗེ་བསྒྱུར་བྱས་པས་ཕན་པ་ཞིག་ཡིན་ནམ་མིན། འབྱུང་འགྱུར་བོད་མིའི་སྒྲིག་འཛུགས་ལ་འཕྲད་སྲིད་པའི་དཀའ་ངལ་ཡང་ཐ་སྙད་ཙམ་ལ་བརྟེན་ནས་འབྱུང་སྲིད་པ་ལས། ལས་དོན་དངོས་དང་འབྲེལ་བ་ཡོད་པ་ཞིག་ཡོང་མི་སྲིད་ཅེས་སུ་གཅིག་གིས་ཁ་ཚོན་གཅོད་དཀའ་བས་ཐ་སྙད་བརྗེ་བསྒྱུར་བྱས་ནས་ཕན་འབྲས་ག་ཚོད་ཅིག་ཡོད་མེད་ཀྱང་ད་དུང་དྲི་རྟགས་ཤིག་ཏུ་གྱུར་ཡོད་པ་རེད།།