རྐང་འཁོར་རྒྱང་བསྐྱོད་ཀྱི་ལས་འགུལ།

འབྲེལ་ཡོད་ཀྱིས་གནས་ཚུལ་བཏང་བའི་ནང་འཁོད་དོན། བོད་ནི་འཛམ་གླིང་གི་མཐོ་སར་གནས་པའི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། སྐད་ཡིག་དང་། གོམས་གཤིས། རིག་གཞུང་། ས་ཁྱོན། མི་འབོར། ལོ་རྒྱུས་གང་ཅིའི་ཐད་ནས་རང་བཙན་གཙང་མར་ཁུངས་སྐྱེལ་ལྡན་པ་ཞིག་ཀྱང་ཡིན།

cikel 1 copy

ཕྱི་ལོ་ ༡༩༤༩ ནང་རྒྱ་དམག་བོད་དུ་སླེབས་འགོ་བཙུགས་པ་ནས་བཟུང་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་དང་འཕྲོག་བཅོམ་གྱིས་གཏོར་བཤིག་ཚད་མེད་བཏང་བ་དང་། བོད་མི་ས་ཡ་གཅིག་དང་འབུམ་གཉིས་ལྷག་གི་ཚེ་སྲོག་ཤོར་བ། དགོན་པ་དྲུག་སྟོང་ཙམ་གཏོར་བཤིག་བཏང་བ་མ་ཟད། ༡༩༥༩ ལོར་བོད་རྒྱལ་ཁབ་ཆེན་པོའི་ས་ཁུངས་ཆ་ཚང་དངོས་སུ་བཙན་བཟུང་བྱས་ཏེ། ༸གོང་ས་མཆོག་གཙོས་བོད་མི་གཅིག་འབུམ་ལྷག་ཅིག་རྒྱ་གར་གཙོ་བོར་གྱུར་བའི་རྒྱལ་ཁབ་མང་པོའི་ནང་སྐྱབས་བཅོལ་དུ་འགྲོ་དགོས་བྱུང་ཡོད།

༢༠༠༨ ལོའི་བོད་ནང་ཞི་རྒོལ་ཆེན་མོ་ནས་བཟུང་། ༢༠༡༡ ལོའི་བར་དུ་བོད་མི་དམར་གསོད་བཏང་བ་༢༨༥ དང་། ཉེས་མེད་བཙོན་དུ་ཚུད་པ་དང་གར་སོང་ཆ་མེད་དུ་གྱུར་བ་༢༢༡༩ ཙམ་ཡོད། ད་དུང་བོད་ལ་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་མོས། སྨྲ་བརྗོད་རང་དབང་། རིག་གཞུང་སྲུང་སྐྱོབ་ཀྱི་ཐོབ་ཐང་སོགས་ཉིན་རེ་ནས་ཉིན་རེར་གནས་སྟངས་ཇེ་སྡུག་དང་ཛ་དྲག་ཆགས་བཞིན་ཡོད།

ཉེ་ཆར་ ༢༠༡༡ ཟླ་ ༣ ཚེས ༡༦ཉིན་བོད་མདོ་སྨད་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཕུན་ཚོགས་ནས་རྒྱ་དམར་གཞུང་གིས་བོད་ནང་དུ་མི་སྤྱོད་ལས་བརྒལ་བའི་དྲག་གནོན་བྱེད་བཞིན་པར་རང་ལུས་མེ་རུ་བསྒྲོན་ཏེ་ཞི་བའི་ངོ་རྒོལ་བྱས་པ་ནས་བཟུང་། རྒྱ་ནག་གི་དྲག་ཆས་དམག་མི་བཀོལ་ཏེ་རྔ་བ་ཀིརྟི་དགོན་པ་དང་རྔ་བའི་མི་མང་ལ་དྲག་གནོན་ཚབས་ཆེན་བྱས་དང་བྱེད་བཞིན་པའི་གནས་སྟངས་ཛ་དྲག་མུ་མཐུད་གནས་མུས་ལ་སོང་། cikel 2 copyབཙན་བྱོལ་བོད་གཞུང་མང་གཉིས་ཀྱིས་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་ལས་འགུལ་སྣ་ཚོགས་སྤེལ་དང་སྤེལ་བཞིན་ཡོད་པར་བརྟེན། མོན་གྷོ་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་དང། མོན་གྷོ་དབུ་མའི་ལམ་ལས་འགུལ་ཁང། མོན་གྷོ་རྒྱལ་ཡོངས་དམངས་གཙོ་ཚོགས་པ། མོན་གྷོ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས། མོན་གྷོ་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་བཅས་ཚོགས་པ་ལྔ་ཐུན་མོང་ནས་རྔ་བ་ཀིརྟི་དགོན་པ་གཙོས་རྔ་བའི་མི་མང་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཆེད་དུ་མོན་གྷོ་ནས་པུ་ན་བར་གྱི་རྫོང་དང་གྲོང་ཁྱེར་ཁག་ནང་ཡིག་ཆ་འགྲེམས་སྤེལ་ཆེད་རྐང་འཁོར་རྒྱང་སྐྱོད་ཀྱི་ལས་འགུལ་འདི་སྤེལ་བཞིན་ཡོད་པས། དངོས་ཡོད་བོད་དོན་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད་བྱེད་མཁན་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་ཁག་དང་། སྲིད་གཞུང་། མི་མང་། གྲོས་ཚོགས། རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་། ལྷག་པར་དུ་རྒྱ་གར་གཞུང་མང་གཉིས་ནས་རྒྱབ་སྐྱོར་དང་ལམ་སྟོན་ཡོང་བའི་འབོད་སྐུལ་ཞུ་བ་ལགས་ན། བདེན་དོན་ལ་རྒྱབ་སྐྱོར་ཡོང་བ་མཁྱེན་མཁྱེན་ཞུ།

དགོས་འདུན་དོན་ཚན་གཉིས་དང་འབོད་སྐུལ་གཅིག།
དོན་ཚན་དང་པོ།རྒྱ་དམར་གཞུང་གིས་རྔ་བ་ཀིརྟི་དགོན་པ་གཙོས་རྔ་བའི་མི་མང་ལ་དྲག་གནོན་བྱེད་བཞིན་པ་མཚམས་འཇོག་དང་། མྱུར་ཏུ་དྲག་ཆས་དམག་མི་ཕྱིར་འཐེན་བྱེད་དགོས།
དོན་ཚན་གཉིས་པ།ཀུན་གཟིགས་པན་ཆེན་རིན་པོ་ཆེ་མཆོག་གཙོས་བོད་ནང་གི་ཆབ་སྲིད་བཙོན་པ་ཆ་ཚང་གློད་བཀྲོལ་བྱེད་དགོས།
འབོད་སྐུལ་གཅིག རང་དབང་དང་དྲང་བདེན་ལ་དགའ་བའི་རྒྱལ་སྤྱིའི་རང་དབང་གི་གསར་འགོད་པ་དག་རྔ་བ་ས་ཁུལ་དུ་ངེས་པར་ཏུ་གཏོང་རོགས་གནང།