ནང་སོག་གི་འབྲོག་པ་གསོད་མཁན་ལ་སྲོག་ཐོག་ཁྲིམས་ཆད།

ཟླ་འདིའི་ཚེས་༨ ཉིན་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ནང་སོག་གི་གྲོང་ཁྱེར་ཤཱི་ལེན་ཧོ་ཏཱར་ཡོད་པའི་ཁྲིམས་ཁང་ཞིག་གིས་སོག་པོའི་འབྲོག་པ་མཱེར་གེན་རླངས་འཁོར་གྱིས་བརྡུངས་ནས་གསོད་མཁན་རྒྱ་རིགས་ལིའི་ལིང་ཏུང་ལ་སྲོག་ཐོག་ཁྲིམས་ཆད་དང༌། རོགས་པ་གཞན་ཞིག་ལ་ཚེ་བཙོན་གྱི་ཁྲིམས་ཆད་བཏང་ཡོད་པའི་གནས་ཚུལ་ཕྱིར་བསྒྲགས་བྱས་ཡོད་པ་རེད། གཞན་ཡང་རྒྱ་གཞུང་གི་ཁྲིམས་ཁང་དེས་ཁྲིམས་ཐག་མགྱོགས་པོ་གཅོད་དགོས་པའི་རྒྱུ་མཚན་ནི། ནང་སོག་མི་མང་གི་ངོ་རྒོལ་ཤུགས་ཆེན་པོ་བྱུང་བ་དེ་དག་ཞི་འཇམ་ཡོང་བར་དམིགས་པ་ཞིག་ཡིན་པའི་འགྲེལ་བརྗོད་བྱས་ཡོད་པ་རེད།

ད་ལམ་གྱི་རྩོད་རྙོག་གི་འབྱུང་རྐྱེན་ནི། རྒྱ་ནག་གིས་གང་སར་གཏེར་ཁ་སྔོག་འདོན་བྱེད་ཀྱི་ཡོད་པ་ལྟར། ནང་སོག་གི་ཧོ་ལེ་ཐོ་ལེ་སྡེ་བའི་སོག་རིགས་འབྲོག་པ་མཱེར་གེན་གྱིས་འབྲོག་པའི་རྩྭ་ར་རྒྱ་མིའི་རྡོ་སོལ་སྐྱེལ་འདྲེན་བྱེད་མཁན་རླངས་འཁོར་གཏོར་བཤིག་མ་ཡོང་བའི་ཆེད་དུ་རྩྭ་ར་སྲུང་སྐྱོབ་བྱེད་སྐབས། རྒྱ་མིའི་རླངས་འཁོར་ཁ་ལོ་བས་བསམ་བཞིན་དུ་སོག་རིགས་འབྲོག་པ་མཱེར་གེན་ལ་རླངས་འཁོར་གྱིས་བརྡུངས་ནས་བསད་པ་དང། ད་དུང་རླངས་འཁོར་ཁ་ལོ་བས་སོག་པོའི་འབྲོག་པ་ཞིག་བསད་ཀྱང་ཧང་སང་བ་མི་འདུག རྒྱ་སྒོར་འབུམ་བཞི་མ་རེད་དམ་ཞེས་བརྗོད་པ་དེར། ནང་སོག་གི་མི་མང་དང་སློབ་མ་སོགས་སྟོང་ཕྲག་མང་པོ་འདུ་འཛོམས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་འདྲ་མིན་བྱས་ཡོད་པ་མ་ཟད། ཨ་རིའི་ཡོད་པའི་ནང་སོག་གི་མི་མང་རྣམས་ཀྱིས་རྒྱ་ནག་གི་གཞུང་ཚབ་མདུན་དུ་ངོ་རྒོལ་གྱིས་ནང་སོག་ཏུ་ཡོད་པའི་སོག་རིགས་ཚོར་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེན་བསྟན་ཡོད་པ་རེད།།