༧གོང་ས་མཆོག་ཨོ་སི་ཁྲུ་ལི་ཡར་ཆིབས་བསྒྱུར།
དེ་གཞིན་རྒྱལ་ཁོངས་ས་གནས་ཀྱི་ཆོས་ཚོགས་ཁག་དང་ཡུལ་དེའི་གནད་ཡོད་དཔོན་རིགས་འཁའ་ཤས་ལའང་མཇལ་འཕྲད་གནང་བ་དང་། མི་མང་ལ་བཀའ་སློབ་གནང་སྟེ་ཡུལ་དེའི་མཛད་འཆར་ཁག་ལེགས་གྲུབ་བྱུང་ཡོད་པ་རེད།
འདི་ཟླའི་ཚེས་༩ ཉིན་གྱི་ཞོགས་པའི་ཆུ་ཚོད་༡༠ མ་ཟིན་ཙམ་ལ་ཨོ་སི་ཁྲུ་ལིི་ཡའི་གྲོང་ཁྱེར་ཆེ་ཤོས་གཉིས་པ་མེལ་བྷོན་གྲོང་ཁྱེར་གྱི་རྒྱལ་སྤྱིའི་གནམ་ཐང་དུ་ཞབས་སོར་བདེ་བར་འཁོད་མ་ཐག ཐེངས་འདིའི་༧གོང་ས་མཆོག་གདན་ཞུའི་ཚོགས་ཆུང་གི་འགན་ལེན་པ་གཙོ་བོ་དང་། ཨོ་སི་ཁྲུ་ལི་ཡའི་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ། གཞན་ཡང་གྲོང་ཁྱེར་འདིར་རྟེན་གཞི་བྱས་པའི་ནང་པའི་ཆོས་ཚོས་ཁག་གི་བླ་གྲྭ་དགེ་བཤེས་སོགས་དང་། ས་གནས་བོད་རིགས་ཚོགས་པ་ཁག་གི་ཚོགས་མི་རྣམས་ཀྱིས་༧གོང་ས་སྐྱབས་མགོན་ཆན་པོ་མཆོག་ཕེབས་བསུ་ཞུས་ཡོད་པ་རེད།
མེལ་བྷོན་གྲོང་ཁྱེར་གྱི་དབུས་སུ་བཞུགས་གནས་གསོལ་མགྲོན་ཁང་གྲགས་ཆེན་(ཧིལ་ཏོན་)Hilton དུ་ལས་སྣེ་བ་རྣམས་དང་། ས་གནས་དད་ལྡན་མི་མང་དང་བརྒྱུད་ལམ་ཁག་གི་གསར་འགོད་པ་སོགས་མི་མང་རྒྱ་ཕྲག་དུ་མར་ལྷན་མེལ་བྷོན་བོད་རིགས་ཚོགས་པའི་བོད་ཀྱི་ལྷ་གཞུང་ཁྲབ་སྟོན་རུ་ཁག་གིས་ལྷ་གཞུང་བཀྲིས་ཞོལ་པའི་གར་དབྱངས་ཁྲོད་ནས་ཕེབས་བསུ་གཉིས་པ་གནང་བ་དང་སྦྲགས་གསོལ་འགྲོན་ཁང་དུ་ཞབས་ཟུང་གསེར་གྱི་རི་མོ་རྣམ་པར་བཀོད་ཡོད་པ་རེད།
ཉིན་རྒྱབ་ཆུ་ཚོད་༢།༣༠ པའི་ཐོག་ཨོ་གླིང་གསར་འགོད་པ་དང་བརྒྱུད་ལམ་ཁག་འགའ་ཤས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཆེད་དུ་ཟུར་མཇལ་གྱིས་ཁོོང་ཚོའི་དྲི་བ་སྣ་ཚོགས་ལ་བཀའ་ལན་གནང་ཡོད་པ་རེད། ཆུ་ཚོད་ ༢ དང་སྐར་མ་༤༥ ཐོག་རྒྱལ་སྤྱིའི་གསར་འགོད་པ་བརྒྱད་ཅུ་ཙམ་འདུ་འཛོམས་སར། ཕྱི་དངོས་པོའི་བདེ་སྐྱིད་དང་ནང་བསམ་པའི་བདེ་སྐྱིད་གཉིས་ཀྱི་ཁྱད་པར་གཞིར་བཞག་ཐོག བཀའ་སློབ་བཀའ་དྲིན་བསྐྱངས་ཡོད་པ་མ་ཟད། གསར་འགོད་པ་སོ་སོའི་དྲི་བ་སྣ་ཚོགས་ལ་རེ་རེ་བཞིན་བཀའ་ལན་ཞིབ་ཕྲ་གནང་ཡོད་པ་རེད།
འདི་ཟླའི་ཚེ་ ༡༠ ཉིན་ཝེ་ཏི་ནམ་ནང་པའི་ཆོས་ཚོགས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཞབས་སོར་འཁོད་པ་དང་བཀའ་སློབ་བཀའ་དྲིན་སྐྱོང་གཏན་ཁེལ་ཡོད་པ་རེད། འདི་ཟླའི་ཚེས་ ༡༡ ཉིན་མེལ་བྷོན་གྲོང་ཁྱེར་དུ་སྤྱོད་འཇུག་ཆེན་མོའི་གསུང་ཆོས་གནང་གཏན་འཁེལ་ཡོད་པ་རེད།།
ཨོ་སི་ཁྲུ་ལི་ཡའི་མེལ་བྷོན་གྲོང་ཁྱེར་ནས་གསར་འགོད་པ་སེར་ཤུལ་དཀོན་མཆོག་གིས་བཏང་།