གནམ་ཡིག།

འཁོར་བའི་འཁོར་ལོ་འཁོར་སྟངས་རྩུབ་མོ་འདིས།།

བྱེ་ཐང་ལམ་ཁ་སྐྱ་མོ་འཐེན་ལུགས་འདིས།།

ཨ་ཁུའི་སེམས་པ་གཏིང་ནས་རྨས་བྱས་ནས།།

དེ་རིང་ན་ཟུག་གཅིག་གི་མགོ་རྔ་གླེང་།།

 

སྤྲིན་པ་བསིལ་རླུང་འཇམ་པོས་འབུད་ཀྱིན་པས།།

རྩྭ་ཐང་དཔྱིད་ཀའི་བུ་མོས་གསོ་ཀྱིན་པས།།

ཕ་རྒན་སྙིང་ལ་དགའ་བའི་དཔལ་སྟེར་པས།།

ནམ་ཡང་བདེ་སྣང་ཞིག་གི་སྐེད་པ་གླེང་།།

 

ཐབ་ཀ་འགྲམ་གྱི་བྱིས་པ་གཅེར་བུ་རྣམས།།

ཨ་ཕས་བཤད་དུས་ཨ་ཕའི་རྗེས་སུ་བཞུགས།།

ཨ་ཁུས་བཤད་དུས་ཨ་ཁུའི་རྔ་མར་བྱས།།

གླེང་རེས་ཆད་དུས་མགོ་བོ་སྔས་མགོར་བབ།།

 

ཕ་ཁུའི་བསམ་པ་གཉིས་སུ་གྱེས་པ་ཡིས།།

ཕ་ཁུའི་སྐད་ཆ་གཉིས་སུ་གྱེས་པ་ཡིས།།

སྦྲ་ནག་གྲུ་བཞི་ནང་གི་དྲོད་འཁོལ་དེ།།

ཕྱི་རོལ་གྲང་མོའི་རླུང་གིས་འཁུར་ལ་ཁད།།

 

ཕོ་རོག་ཁ་ཏ་ནག་པོ་ངར་ལུགས་དང་།།

བྱ་ཆེན་ཐང་དཀར་རྒོད་པོ་འཕུར་ལུགས་ཀྱིས།།

རི་མགོའི་མིག་ནང་ལེགས་ཉེས་དབྱེ་འབྱེད་ཀྱིས།།

སྦྲ་ནག་ནང་གི་གཏམ་རེ་བློ་ལ་བཟུང་།།

 

ཁ་ནས་ཐོན་པའི་གཏམ་གྱི་སྣེ་མོ་ན།།

སྣ་ནས་ཐོན་པའི་དྲི་ཡི་སྣེ་མོ་ན།།

སོ་སོར་ཁུག་པའི་གོང་ཐང་རེ་རེ་ལ།།

མཇུག་སྒྲོ་བཏགས་ནས་ཕ་ཁུའི་གཏམ་རྒྱུད་གླེང་།།

 

 

གཏམ་རྒྱུད་གླེང་ཐེངས་རེ་ལ་འཁྲུག་ཆ་རེ།།

ཧར་རྒོད་བྱ་ཐེངས་རེ་ལ་ལྷག་རླུང་རེ།།

ནམ་ཡང་དུམ་ཐབས་བྲལ་བའི་མེ་ཕུང་ན།།

ཕ་དང་ཨ་ཁུ་གཉིས་ཀྱི་རྐང་རྗེས་གསལ།།

 

ཉོབ་ཀྱིན་ཉོབ་ཀྱིན་ཟེར་བའི་སྐད་གྲགས་ནང་།།

སད་སོང་སད་སོང་ཟེར་བའི་སྐད་གྲགས་ནང་།།

རིན་ཐང་སྣ་ཚོགས་ཅན་གྱི་བྱ་བྱེའུ་རྣམས།།

ཕ་ཁུའི་སྐད་ཆ་གླེང་འཕྲོ་འཕྲོག་རེས་བྱས།།

 

ཧོབ་འཐབ་ཆེ་བའི་ཐལ་རླུང་འཚུབ་པོ་ནང་།།

ཧམ་པ་ཆེ་བའི་འཁྲུག་ཆེན་དཔུང་འཛིན་ནང་།།

ཤ་དང་རུས་པ་སྟེང་གི་གླུ་དབྱངས་ཀྱིས།།

ཨ་ཁུའི་མགོ་འཕང་ནམ་མཁའི་ངོས་སུ་བཏེགས།།

 

ཨ་ཁུའི་མགོ་འཕང་སྤྲིན་ངོས་དཔྱངས་པ་ན།།

གློ་བུར་སྤྲིན་ནག་ཆུན་པོས་གནམ་བཟུང་ནས།།

གློག་དང་གློག་དམར་འཁྱུག་པའི་བར་གསེང་ནས།།

གནམ་ཡིག་ཤོག་དྲིལ་གློ་བུར་ཐང་སྟེང་ཟག།

 

ཤིག་དྲིལ་རང་བཞིན་བྱེས་ནས་རང་བཞིན་ཀློག།

ཀློག་མདངས་གསལ་བའི་སྐད་ཀྱི་བར་གསེང་ན།།

ཨ་ཁུའི་མགོ་བོ་སྨད་པའི་གནས་འཕྲིན་མངོན།།

ཨ་ཁུའི་མགོ་གཅོད་པའི་སྐད་ངན་འཆོར།།

 

དེ་མ་ཐག་ནས་ཡོང་པའི་ལས་མཁན་ཚོས།།

དེ་མ་ཐག་ནས་ཡོང་པའི་ཧུར་བརྩོན་ཚོས།།

རིན་ཐང་སྟོང་དང་ལྡན་པའི་ཨ་ཁུའི་མགོ།

ད་ནས་ས་ལ་བརྡབ་པའི་ལེ་འུ་འཁྲབ།།

 

ད་ནས་མགོ་བོ་མེད་པའི་ཨ་ཁུའི་མགོ།།

ད་ནས་སྐད་ངག་མེད་པའི་ཨ་ཁུ་ལུས།།

འཇིག་རྟེན་འདི་ནས་གསོན་པའི་ཡུལ་མེད་པས།།

ཇི་ལྟར་འཐེན་ཡང་དོན་དངོས་གླུ་དབྱངས་མིན།།

 

གནམ་ཡིག་དེ་ཡིས་རེ་བ་ཡོད་ཚད་གཏོར།།

གནམ་ཡིག་དེ་ཡིས་ལང་ཚོ་ཡོད་ཚད་བཅོམ།།

ད་ནས་ཅི་ཡང་མེད་པའི་ས་སྟོང་འདིེ།།

ཨ་ཁུའི་མགོ་བོ་འབོད་ནས་སྟོང་རྒྱུག་བྱས།།