རྒྱ་ནག་མང་གཙོ་ཚད་ལྡན་ཞིག་ཆགས་ཐུབ་པའི་རེ་བ་ཡོད།

འདི་ཟླའི་ཚེས་༡༠ ཉིན་གྱི་ཞོགས་པ་ཨོ་སི་ཁྲུ་ལི་ཡའི་མེལ་བྷོན་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ཝ་དཱི་ནམ་ནང་པའི་ཆོས་ཚོགས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་གྱིས་ཝ་དཱི་ནམ་ནང་པའི་ཆོས་ཚོགས་ཀྱི་དགོན་པ་གསར་པའི་ལྷ་ཁང་སྒོ་འབྱེད་གནང་བ་དང་སྦྲགས་ཐུགས་སྨོན་སྐྱབས་འཇུག་གནང་ཡོད་པ་རེད།

དེ་རྗེས་གྲོང་ཁྱེར་དབུས་སུ་ཡོད་པའི་དྭ་ཕྲུག་དང་ཉམ་ཐག་རོགས་སྐྱོར་ཐེབས་རྩ་ཁང་ཞིག་གིས་གདན་ཞུས་ལྟར། ༧གོང་ས་མཆོག་གིས། ཚོགས་པ་དེར་འགྲོ་བ་མིའི་སྤྱི་ཚོགས་ནང་ལ་དཀའ་ངལ་ཇི་སྙེད་ཅིག་ཡོད་པ་རེད། འདི་དག་ལ་ལྷག་བསམ་ལྡན་པའི་ཐོག་ནས་ལྟ་སྐྱོང་གནང་བ་དང་སློབ་སྦྱོང་སྤྲད་ཐུབ་པའི་ཚོགས་པ་འདི་འདྲ་བཙུགས་ན་དོན་དངོས་ཀྱི་མང་ཚོགས་ལ་ཞབས་འདེགས་བསྒྲུབ་པ་རེད་ཅེས་ཚོགས་པ་དེའི་ལས་དོན་བྱེད་ཕྱོགས་ལ་བསྔགས་བརྗོད་གནང་ཡོད་པ་རེད།

དེ་བཞིན་༧གོང་ས་མཆོག་གིས། ཚོགས་པ་འདིས་གསོ་སྐྱོང་རོགས་འདེགས་བྱས་པའི་མི་ཚོས་ཀྱང་མ་འོངས་པར་རང་ཉིད་གསོ་སྐྱོང་བྱེད་ཡུལ་གྱི་ལུང་པ་འདི་གཙོས་འགྲོ་བ་མིིའི་སྤྱི་ཚོགས་ཡོངས་ལ་དོན་ཕན་ལྡན་པའི་ཞབས་འདེགས་བཟང་པོ་ཞིག་སྒྲུབ་དགོས་བསམ་པའི་ཀུན་སློང་དང་ལྷག་བསམ་དུས་རྟག་ཏུ་ཡོད་དགོས་པ་སོགས་ཀྱི་ཐད་ལ་བཀའ་སློབ་ཟབ་རྒྱས་གནང་སོང་།

དེ་ནས་ཉིན་རྒྱབ་རྒྱ་ནག་སྐམ་ས་ཆེན་མོ་དང་། ཝི་ཏི་ནམ། ཨེ་ཇིབ་ཊི། འབར་མ། ཁ་ཆེ་རྒྱལ་ཁབ་འདྲ་མིན་སོགས་ནས་ཨོ་སི་ཁྲུ་ལི་ཡར་སྐྱབས་བཅོལ་དུ་ཡོང་བའི་ཚོགས་ཁག་འགའ་ཤས་ཀྱིས་གདན་ཞུ་གནང་ཡོད་པ་དང་། ཚོགས་ཁག་དེ་དག་གི་མི་མང་རྣམས་སྐྱབས་བཅོལ་དུ་ཡོང་དགོས་པའི་གནད་དོན་དང་རང་ཡུལ་ན་རང་ཉིད་སྡོད་མི་ཐུབ་པའི་རྒྱུ་མཚན་དང་གནས་སྟངས་སོགས་རེ་རེ་བཞིན་༧གོང་མཆོག་ལ་སྙན་སེང་ཞུས་པར། ༧གོང་ས་མཆོག་གིས་བཀའ་སློབ་གནང་དོན། སྤྱིར་རང་རང་གི་ཕ་མེས་ཡང་མེས་ཀྱི་ཡུལ་ལུང་བཞག་སྟེ་ཡུལ་ལུང་མི་གཅིག་པ་གང་རུང་ཞིག་ཏུ་སྐྱབས་བཅོལ་བྱེད་དགོས་དུས་དཀའ་ངལ་སྣ་ཚོགས་ཡོང་བ་རང་བཞིན་རེད། དེར་ཁྱོད་རང་ཚོས་སེམས་ཤུགས་ནམ་ཡང་ཆག་མི་ཉན་ལ་སེམས་ཤུགས་ཆག་ནས་ཡིད་ཕམ་སེམས་ཁྲལ་ངང་རྟག་ཏུ་བསྡད་ན་བདེ་སྐྱིད་ཅིག་ནམ་ཡང་ཐོབ་ཀྱི་མ་རེད། རྒྱུ་མཚན་དེ་འབྲེལ་གྱིས་བདེན་པ་གཙོར་བཟུང་གིས་ལས་དོན་བསྒྲུབ་དགོས་པ་དང་དེ་ལ་གྲུབ་འབྲས་ཀྱང་མི་དམན་པ་ཞིག་ཐོབ་ཀྱི་ཡོད་སྐོར་སོགས་གསུངས་ཡོད་པ་རེད།

༧གོང་ས་མཆོག་གིས་མུ་མཐུད་གསུང་དོན། ཁྱོད་རང་ཚོས་སྐྱབས་བཅོལ་ཞུ་ཡུལ་རྒྱལ་ཁབ་ཨོ་སི་ཁྲུ་ལི་ཡར་མཚོན་ན་རང་དབང་མང་གཙོ་ཚད་ལྡན་ཡོད་པ་དང་ཁྲིམས་ཀྱིས་ཆ་སྙོམས་དབང་བསྒྱུར་ཡིན་པ། རིགས་དང་ཐོབ་གོ་ས་སོགས་མཐོ་དམན་མེད་པར་ཚང་མ་འདྲ་མཉམ་ཡིན་དུས། ཁྱོད་ཚོས་ལུང་པ་འདིའི་ཁྱབ་ཁོངས་འོག་སྐྱབས་བཅོལ་བྱེད་དགོས་པར་དཀའ་ངལ་ཡོད་པ་མ་རེད། དེང་སང་རྒྱལ་སྤྱིའི་སྤྱི་ཚོགས་ཡོངས་ཀྱིས་རང་དབང་མང་གཙོ་ལ་དོན་གཉེར་ཤུགས་ཆེ་བྱེད་ཀྱི་ཡོད་པ་རེད། མ་འོངས་པར་རྒྱ་ནག་ཡིན་ནའང་འདི་ནང་བཞིན་གྱིས་མང་གཙོའི་རྒྱལ་ཁབ་ཚད་ལྡན་ཞིག་ཆགས་ཐུབ་པའི་རེ་བ་དང་ཡིད་ཆེས་ཡོད་ལ་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐོའོ་ཡིས་སྔོན་མ་ནས་འཆམ་འཐུན་གྱི་སྤྱི་ཚོགས་ཞིག་བསྐྲུན་དགོས་ཟེར་གྱི་ཡོད་པའི་ཐོག་ལ་ངས་ཀྱང་བརྒྱ་ཆ་བརྒྱ་རྒྱབ་སྐྱོར་ཡང་དག་བྱེད་ཀྱི་ཡོད། ཡིན་ཡང་འཆམ་འཐུན་སྤྱི་ཚོགས་ཟེར་བ་ཞིག་དགོས་དུས་མི་གཅིག་གིས་གཅིག་ལ་ཡིད་ཆེས་བློ་གཏད་གུས་ཞབས་སོགས་དགོས་པ་ལས། དྲག་པོའི་སྟོབས་ཤུགས་གཅིག་པུས་མི་ཚང་མ་དབང་བསྒྱུར་ཐུབ་རྒྱུ་མེད་པ་མ་ཟད། རྒྱ་ཁོངས་རང་དུ་གཏན་སྡོད་བྱེད་མུས་ཀྱི་མི་མང་ཚོས་ཡིད་ཆེས་མེད་པར་གྱུར་ཏེ་རྒྱལ་ཁབ་དེའི་ནང་རྙོག་གླེང་ཆེ་རུ་འགྲོ་བ་དང། དཀའ་ངལ་ཆེ་རུ་འགྲོ་བ་རེད་མ་གཏོགས་ཕན་ངེས་ལྡན་པའི་གནས་སྟངས་ཤིག་ལ་འགྱུར་ཐུབ་ཀྱི་མེད་སྐོར་སོགས་ཀྱིས་བཀའ་སློབ་གནང་ཡོད་པ་རེད།

དེ་རྗེས་ཨོ་སི་ཁྲུ་ལི་ཡའི་ལྗང་ཁུ་ཚོགས་པའི་གྲོས་ཚོགས་འཐུས་མི་འགའ་ཤས་ཀྱི་གོ་སྒྲིག་འོག ཨོ་སི་ཁྲུ་ལི་ཡའི་ནང་གི་དཔལ་འབྱོར་དང་ཁོར་ཡུག་འཕྲོད་བསྟེན་སོགས་ཀྱི་གནས་སྟངས་ཉམས་ཆག་དང་གོང་འཕེལ་སྐོར་སོགས་ཀྱི་ཚོགས་འདུའི་ཐོག་༧གོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་གནང་ཡོད་པ་རེད།

དེ་རྗེས་ཨོ་སི་ཁྲུ་ལི་ཡའི་མེལ་བྷོན་གྲོང་ཁྱེར་དབུས་སུ་ཡོད་པའི་ཧིལ་ཊིན་ཚོགས་ཁང་ཆེན་མོ་རུ་ཐེངས་འདིའི་གསུང་ཆོས་གོ་སྒྲིག་ཚོགས་ཆུང་དང་སྐུའི་གདན་ཞུ་ཚོགས་ཆུང་སོགས་ཀྱིས་གདན་འདྲེན་སྣེ་ལེན་ཟབ་རྒྱས་དང་འབྲེལ། ༧གོང་ས་མཆོག་གསུང་ཆོས་ར་བར་ཞབས་སོར་འཁོད་པ་དང་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་དུ་མ་འདུ་འཛོམས་བྱུང་ཡོད་པ་རེད།།

གསུང་ཆོས་ར་བ་ནས་གསར་འགོད་པ་སེར་ཤུལ་དཀོན་མཆོག་གིས། ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡༡ ཞོགས་པའི་ཆུ་ཚོད་ ༡༡།༢༠ ལ།།

{jcomments on}