རིས་མེད་བླ་སྤྲུལ་ལྷན་ཚོགས་ཤིག་འཚོག་འཆར།

དེ་ཡང་ཟླ་འདིའི་ཚེས་༡༢ ཉིན་རིས་མེད་བླ་སྤྲུལ་ལྷན་ཚོགས་ནས་འདི་གར་གནས་ཚུལ་ཞིག་བཏང་བའི་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ ༥ ཚེས་ ༣༠ ཉིན་ཆོས་བརྒྱུད་རིས་མེད་བླ་སྤྲུལ་ལྷན་ཚོགས་ཀྱི་སྔོན་འགྲོའི་ཚོགས་འདུ་འཚོགས་ཟིན་པ་དང་། ཚོགས་མགོན་དུ་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང་ཆོས་རིགས་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་ཀྱི་དབུ་འཛིན་དང་བླ་ཆེན་དག་གི་སྐུ་ཚབ། ཆོས་བརྒྱུད་ཁ་ཤས་ཀྱི་ཁོངས་ནས་ཕེབས་པའི་རྒྱུན་ལས་ཁག་ཅིག་བཅས་ཚང་འཛོམས་ཀྱིས་ཉིན་དེའི་སྔ་དྲོ་སྐུ་མགྲོན་གཉིས་དང་སྐུ་ཚབ་རྣམས། རྒྱུན་ལས་བཅས་ཀྱིས་རིམ་པ་བཞིན་ལྷན་ཚོགས་འདིའི་དགོས་དམིགས་དང་ངོ་བོ་སོགས་ཀྱི་ཐད་སོ་སོའི་དགོང་ཚུལ་བཞིན་གསུང་བཤད་ལྷུག་བརྗོད་གནང་། ཉིན་རྒྱབ་ཆུ་ཚོད་དང་པོ་ནས་དྲུག་པའི་བར་སྐུ་ཚབ་ལྔ་དབུ་བཞུགས་ཀྱིས་གྲོས་གཞི་ཁག་ཅིག་ལ་གྲོས་ཆོད་དང་ལྷན་ཚོགས་འདིའི་མ་འོངས་པའི་ལས་རིམ་དང་ལས་རྟགས་ལས་ཐམ་སོགས་གཏན་འབེབས་བྱས། སྤྱིར་ལྷན་ཚོགས་འདིའི་མ་འོངས་པའི་རྩ་བའི་ལས་དོན་གཉིས་ཏེ་བོད་སྤྱི་མཐུན་གྱི་བསོད་ནམས་གསོག་ཆེད་ལོ་ལྟར་དུས་ནས་དུས་སུ་བོད་མི་ཡོངས་ལ་དགེ་སྐུལ་རྒྱ་ཆེར་གཏོང་རྒྱུ་དང་། བོད་ཀྱི་ཆོས་དང་རིག་གཞུང་ཉམས་པ་སོར་ཆུད་མ་ཉམས་གོང་འཕེལ་ཆེད་ལས་དོན་སྒྲུབ་རྒྱུ་གཉིས་ལས། དང་པོ་བོད་སྤྱི་མཐུན་གྱི་བསོད་ནམས་གསོག་ཆེད་ལོ་གཅིག་གི་ནང་དགེ་སྒྲུབ་གནད་སྨིན་ལ་འབད་པའི་དུས་ཚོད་གཏན་ཁེལ་བའི་མང་མོས་གྲོས་ཆོད་ནི། བོད་ཟླ་དང་པོའི་ཟླ་གཅིག་གི་རིང་སྟོན་པའི་མཚན་སྔགས་གསོག་རྒྱུ། བོད་ཟླ་བཞི་བའི་ཟླ་གཅིག་རིང་མ་ཎི་དང་སྨྱུང་གནས་ཚེ་ཐར་གཏོང་བ་དཀར་སྐྱོང་གནང་རྒྱུ། གཡུང་དྲུང་བོན་ཕྱོགས་ནས་བྱམས་མ་དང་མ་ཊི་གསོག་རྒྱུ། བོད་ཟླ་ལྔ་བའི་ཟླ་གཅིག་རིང་སློབ་དཔོན་རིན་པོ་ཆེའི་མཚན་སྔགས་གསོག་རྒྱུ། ཕྱི་ཟླ་བདུན་པའི་ཟླ་གཅིག་རིང་རྒྱལ་བའི་མཚན་སྔགས་གསོག་རྒྱུ། བོད་ཟླ་དགུ་བའི་ཟླ་གཅིག་རིང་སྒྲོལ་མ་གྲངས་གསོག་བྱ་རྒྱུ་བཅས་ཡིན་པས་བོད་མི་རིགས་ཡོངས་ཀྱིས་འདིའི་ཐད་དོ་སྣང་དང་ལག་ལེན་འཁེལ་ཐུབ་པའི་ཐོག་དགེ་སྒྲུབ་གྱི་གྲངས་གསོག་ཅི་ལོངས་ཕན་བདེ་དྲ་ཚིགས་སུ་འབྲེལ་བ་གནང་རོགས་ཞུ་རྒྱུ་དང་། རིས་མེད་བླ་སྤྲུལ་ལྷན་ཚོགས་ཀྱི་དངོས་གཞིའི་ཚོགས་ཆེན་ཐང་དང་པོ་ཕྱི་ཟླ་༩ ཚེས་༢༥ ཉིན་ནོར་བུ་གླིང་ཁར་ཚོགས་གཏན་ཁེལ་བས་དེའི་སྐབས་ཀྱི་གྲོས་ཆོད་དང་དགོས་ངེས་ཀྱི་ལས་དོན་གཏན་འབེབས་ཅི་གནང་དུས་ཐོག་དུ་གསལ་བསྒྲགས་ཞུ་འཆར་ལགས་ན་བོད་མི་ཡོངས་ཀྱིས་དེ་ལུགས་དགོང་མངའ་ཡོང་བར་ཞུ་ཞེས་གསལ་བསྒྲགས་དེའི་ནང་གསལ་འདུག །