གཟི་བརྗིད་ངང་གུང་ཁྲན་ཏང་རྒན་ཡོལ་བྱས་ན་ཡག་གི་རེད།
འདི་ཟླའི་ཚེ་༡༢ ཉིན་གྱི་ཉིན་རྒྱབ་རྒྱ་བོད་མཛའ་འབྲེལ་ཚོགས་པ་ཞེས་པ་དང་གནམ་བདེ་སྒོ་མོ་ཆེའི་དུས་བབ་གསར་ཤོག་ཅེས་པའི་རྩོམ་སྒྲིག་པ་སོགས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ས་ཁྱོན་འདྲ་མིན་ནས་ཡོང་བའིི་རྒྱ་རིགས་མི་མང་སྤྱི་དང་ལྷག་པར་ཨོ་སི་ཁྲུ་ལི་ཡར་བཅའ་སྡོད་རྒྱ་རིགས་རྣམས་ཀྱིས་དགའ་དད་སྤྲོ་གསུམ་གྱིས་ཐལ་སྒྲ་ཡུན་རིང་སྒྲོག་བཞིན་ཕེབས་བསུ་ཞུས་ཡོད་པ་རེད། ༧གོང་ས་མཆོག་ཆིབས་བསྒྱུར་གནང་མ་ཐག་རྒྱ་རིགས་རྣམས་ཀྱིས་རྗེས་ཙོང་ཁ་པའི་གསོལ་འདེབས་དམིགས་རྩེ་མ་གྱེར་འདོན་བྱས་པ་དང་། མང་གཙོ་དར་སྤེལ་ཞེས་རྒྱ་ཡིག་ཐོག་བྲིས་པའི་ཕྱག་རྟགས་ཡི་གེ་ཞིག་༧གོང་ས་མཆོག་ལ་ཕུལ་སོང་།
སྐབས་དེར་༧གོང་ས་མཆོག་གིས་གསུང་དོན། དེ་རིང་ཁྱེད་རང་ཚོས་ང་ལ་ཡི་གེ་འདི་ལྷག་བསམ་རྣམ་དག་གིས་སྤྲད་པ་རེད་ལ། ངས་ཀྱང་རྩ་ཆེན་པོ་བྱས་ནས་ཉར་འདུག་གི་ཡིན། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེེས་ཆེ་བསྟོད་དང་སྦྲགས་ཐུགས་དགྱེས་པོ་གནང་ཡོད་པ་རེད།
དེ་བཞིན་༧གོང་ས་མཆོག་གིས་རྒྱ་བོད་མཐུན་སྒྲིལ་དགོས་སྐོར་གསུང་དོན། “རྒྱ་དང་བོད་ཅེས་ལོ་སྟོང་ཕྲག་མང་པོའི་འབྲེལ་བ་ཡོད་བསྡད་པ་ཞིག་རེད། ནང་ཆོས་ལ་ཆ་བཞག་ན་བོད་ལ་མ་དར་གོང་ནས་རྒྱ་ནག་ལ་དར་ཚར་བ་ཞིག་རེད། དེར་བརྟེན། ངས་ནམ་རྒྱུན་རྒྱ་རིགས་གྲོགས་པོ་ཚོ་བཅོམ་ལྡན་འདས་ཀྱི་དགེ་ཕྲུག་རྒན་པ་རེད། ང་ཚོ་དགེ་ཕྲུག་གཞོན་པ་རེད། དགེ་ཕྲུག་གཞོན་པས་དགེ་ཕྲུག་རྒན་པར་གུས་ཞབས་བྱེད་དགོས་ཀྱི་ཡོད་དུས་དེ་རིང་ངས་ཁྱེད་དགེ་ཕྲུག་རྒན་པ་ཚོར་གུས་ཞབས་བྱེད་ཀྱི་ཡོད་”ཅེས་༧གོང་ས་མཆོག་གིས་རྒྱ་རིགས་རྣམས་ལ་གུས་བཀུར་གནང་བ་དང་ཞལ་རྩེད་དང་འབྲེལ་“ང་ཚོ་དགེ་ཕྲུག་གཞོན་པ་ཚོ་ནང་ཆོས་ཤེས་ཚད་སྐྱོ་བོ་རང་ཡོད་པ་མ་རེད་”ཅེས་བཤད་ཀྱི་ཡོད་ཅེས་གསུངས་སོང་།
མུ་མཐུད་གསུང་དོན། “ད་ཚང་མས་ཤེས་གསལ་རེད། བར་སྐབས་ང་ཚོ་ཚང་མ་ལ་ཏོག་ཙམ་དཀའ་ངལ་འཕྲད་བསྡད་པ་རེད། དེའི་དཀའ་ངལ་དེ་ང་ཚོ་རྒྱ་བོད་མི་མང་མཛའ་འབྲེལ་གྱི་ཐོག་ནས་སེལ་དགོས་པ་ཞིག་རེད། ངས་སྔོན་མ་གནམ་བདེ་སྒོ་མོ་ཆེའི་རྐྱེན་ངན་མ་བྱུང་གོང་ནས་བོད་པ་ཚོར་རྒྱ་རིགས་ཚོར་ངེས་པར་དུ་ཐུག་དགོས་པ་རེད་ཅེས་བཤད་ཀྱི་ཡོད། གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་མ་བྱུང་གོང་ང་ཚོས་ཕར་འབྲེལ་བ་བྱེད་འདོད་ཡོད་ཀྱང་ཚུར་དེ་ཙམ་འབྲེལ་བ་བྱེད་ཁག་པོ་ཡོད་པ་ལྟ་བུ་རེད། གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་བྱུང་ཚར་དུས་ང་ཚོ་རང་བཞིན་གྱིས་འབྲེལ་བ་ཆགས་པ་རེད་ལ། ཁོང་ཚོའི་གྲས་ནས་མང་པོ་ཞིག་ལ་ཐུག་པ་དང་འབྲེལ་བ་མང་པོ་བྱུང་། དེ་འདྲ་ཡིན་དུས་ཁྱོད་རང་ཚོ་དེ་རིང་འདིར་ཡོད་པའི་གྲོགས་པོ་མང་པོ་ཞིག་མི་སྒེར་གྱི་རང་དབང་དང་སྤྱི་ཚོགས་ཀྱི་རང་དབང་སོགས་ཀྱི་ཆེད་དུ་ཡོང་བ་མང་པོ་རེད། ང་ཚོ་ཡིན་ནའང་རང་བཙན་རྩོད་ཀྱི་མེད། རྒྱལ་རབས་ལོ་རྒྱུས་ག་རེ་ཡིན་ན་མིན་ན། ང་ཚོས་དུས་རབས་འདིའི་རྗེས་ཟིན་པ་བྱེད་དགོས་པ་རེད། ང་རྟག་པར་ཡུ་རོབ་མཉམ་འབྲེལ་ཟེར་བ་དེར་ངོ་མཚར་སྐྱེ་ཡི་འདུག ཚང་མའི་ཐུན་མོང་གི་ཁེ་ཕན་ལ་བསམ་བློ་གཏོང་རྒྱུ་ཞེ་དྲག་གལ་ཆེན་པོ་རེད། དེ་འདྲ་ཡིན་དུས་ཐུན་མོང་གི་ཐོག་ནས་ཕན་ཚུན་གཉིས་ལ་ཕན་པ་དང་ནུས་པ་ཡོང་ཐབས་ལ་ངས་འབད་བརྩོན་བྱེད་ཀྱི་ཡོད་པས། ཁྱོད་རང་ཚོས་བོད་ཀྱི་གནས་ཚུལ་མང་ཙམ་ཤེས་པ་བྱོས། ང་ཚོའི་ངོས་ནས་ཀྱང་རྒྱ་རིགས་གྲོགས་པོ་ཚོའི་གནས་སྟངས་དེ་མང་ཙམ་ཤེས་པ་བྱས་ཏེ་དཀའ་ངལ་གདོང་ལེན་གྱིས་སེལ་ཐབས་བྱེད་རྒྱུ་དེ་ང་ཚོ་ཐུན་མོང་གི་ལས་འགན་རེད་”ཅེས་གསུངས་སོང་།
༧གོང་ས་མཆོག་གིས་བོད་ནང་གི་ངོ་རྒོལ་དང་རྒྱ་ནག་གི་དྲིལ་བསྒྲགས་སྐོར་གསུང་དོན། “ཕྱི་ལོ་༢༠༠༨ ལོའི་བོད་ནང་གི་དོན་རྐྱེན་བྱུང་སྐབས་རྒྱ་གཞུང་གིས་དྲིལ་བསྒྲགས་བྱེད་སྟངས་ལ་བལྟས་ནས་བོད་རིགས་ཚོས་རྒྱ་རིགས་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་དང་ལྷག་པར་དུ་པེ་ཅིང་རྒྱལ་སྤྱིའི་རྩེད་འགྲན་ཆེན་མོ་ལ་ངོ་རྒོལ་བྱེད་ཀྱི་ཡོད་པའི་བཟོ་ལྟ་བུ་ཞིག་གི་རྣམ་འགྱུར་བསྟན་པ་དང་གནས་ཚུལ་ཕྱིར་བསྒྲགས་བྱས་སོང་མོད། དེ་རྗེས་ང་ཚོའི་ངོས་ནས་རྒྱ་རིགས་ཚོར་འབྲེལ་བ་ཡིན་གཅིག་མིན་གཅིག་བྱེད་དགོས་ཞེས་ལབ་ནས་རྒྱ་བོད་མཛའ་འབྲེལ་ཚོགས་པ་བཙུགས། དེ་རིང་ཁྱེད་ཚོ་འདིར་ཡོད་པ་ཚོ་ནང་ལྟར་རེད། ༢༠༠༨ ལོའི་ཟླ་༣ ནང་གནས་ཚུལ་བྱུང་བ་རེད། དེའི་རྗེས་ནས་ཟླ་༤ ནང་ང་ཨ་རིར་ཕྱིན་སྐབས་དེར་རྒྱ་མིི་གང་འཚམས་ཤིག་ངོ་རྒོལ་བྱེད་དུ་སླེབས་སོང་། སྐབས་དེ་དུས་ང་རྒྱ་རིགས་འགའ་ཤས་ལ་ཐུག་པ་ཡིན་ཏེ། ཁོང་ཚོ་རླུང་ལངས་འདུག ཕར་རྒྱུ་མཚན་འགྲེལ་བཤད་བརྒྱབ་དུས་མི་གཉིས་ཙམ་གྱིས་ཉན་གྱི་འདུག གཞན་མི་གསུམ་བཞི་ཞིག་གིས་ཉན་གྱི་མི་འདུག (སྐུ་རྩེད་དང་སྦྲགས་ནས་གསུང་དོན།) སྐབས་དེ་དུས་ང་ཚོས་དབར་ན་ཅོག་ཙེ་ཆེན་པོ་ཞིག་ཡོད་མ་གཏོགས། ང་ལ་མུར་རྫོག་སྟེར་བའི་ཉེན་ཁ་འདུག་དྲན་བྱུང་”ཞེས་བཞད་མོ་བཞད་དེ་གསུངས་ཡོད་པ་རེད།
ཡང་༧གོང་ས་མཆོག་གིས་མུ་མཐུད་གསུང་དོན། “དེ་རྗེས་ང་ཡུ་རོབ་རྒྱལ་ཁབ་སོགས་དང་ཨོ་སི་ཁྲུ་ལི་ཡ་སོགས་སུ་བསྐྱོད་སྐབས་ཕལ་ཆེར་ངོ་རྒོལ་བྱེད་མཁན་ཡོད་ཀྱང་། དེ་ནས་ག་ལེར་མེད་པ་ཆགས་འདུག རྗེས་ནས་ང་ཚོར་དོ་སྣང་བྱུང་ལ་རྒྱ་རིགས་ཚོར་ཡང་དོ་སྣང་བྱུང་འདུག ངོ་རྒོལ་བྱེད་པར་ཡོང་བ་དེ་ཚོ་མང་ཆེ་བ་ཕལ་ཆེར་རྒྱ་ནག་གཞུང་ཚབ་ཀྱིས་གོ་སྒྲིག་བྱས་ཏེ་ཡོང་བ་རེད་འདུག རྗེས་སུ་རེ་ཟུང་ཡོང་གི་ཡོད་ཀྱང་ཁོང་ཚོར་ཚོར་བ་ཞིག་མི་འདུག གང་ལྟར་ང་ཚོ་རྒྱ་བོད་གཉིས་མཐུན་པའི་ཐོག་ནས་དཀའ་ངལ་སེལ་དགོས་ཀྱི་ཡོད་པ་རེད། བོད་ཀྱི་གནས་ཚུལ་ཡག་པོ་ཞིག་ཐག་ཆོད་བྱེད་ཐུབ་པ་ཡིན་ན། ཤིན་ཅང་གི་གནས་ཚུལ་ལ་ཏན་ཏན་ཕན་ཐོགས་ཡོད་པ་རེད། དེ་རིང་ཁ་སང་ནང་སོག་ལ་རྙོག་གྲ་འདུག དེ་ཚོ་ཏན་ཏན་སེལ་རྒྱུར་ཕན་པ་ཡོད་རེད། དེ་ཚོ་གསུམ་པོ་རང་སྐྱོང་ས་ཁུལ་རེད་འདུག ངས་ནམ་རྒྱུན་རྒྱ་བོད་མི་རིགས་ཁྲི་ལོ་བརྟན་པར་ཤོག་ཅེས་བཤད་ཀྱི་ཡོད། དེ་འདྲ་ཡིན་དུས་ང་ཚོ་ཚང་མའི་བསམ་ཚུལ་བརྗེ་ལེན་བྱེད་དགོས་པ་རེད། ང་ལ་དུས་ཚོད་རིང་པོ་མི་འདུག་སྟེ། ཁྱེད་རང་ཚོས་བསམ་ཚུལ་ག་རེ་ཡོད་ན་འདིར་ཚེ་རྒྱམ་དང་མཉམ་དུ་ཤོད་དང་ཚེ་རྒྱམ་གྱིས་ངའི་ཡིག་ཚང་ལ་ལས་ཀ་བྱེད་ཀྱི་ཡོད་རེད་”ཅེས་གསུངས་སོང་།
དེ་ནས་རྒྱ་མི་ཞིག་གིས་བསམ་ཚུལ་དང་སྦྲགས་ཏེ་གསུང་དོན། “སྤྱིར་བཏང་༧གོང་ས་མཆོག་ཁྱེད་ཀྱིས་སྲིད་བྱུས་ལག་བསྟར་བྱེད་ཕྱོགས་ལམ་དབུ་མ་ལྟ་བུ་ཡིན་ན། རྒྱ་བོད་མི་རིགས་ཡོངས་ལ་ཁེ་ཕན་ཡོད་པ་མངོན་གསལ་ཡིན་ཡང་ཁྱེད་ཀྱི་ལངས་ཕྱོགས་དང་བསམ་ཚུལ་དང་མི་མཐུན་པའི་བོད་པ་དེ་འདྲ་ཡོད་པ་དང་། སྐུ་ཉིད་ཀྱང་བགྲེས་ཡོལ་ཞུས་ནས་ཡོད་པས་མ་འོངས་པར་འགྱུར་བ་འགྲོ་ཡི་རེད་དམ་”ཞེས་དྲིས་པར་༧གོང་ས་མཆོག་གིས་གསུང་དོན། “འགྱུར་བ་འགྲོ་ཡི་མ་རེད་བསམ་གྱི་འདུག བཙན་བྱོལ་བོད་མི་མང་ཤོས་ཀྱིས་དེ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད་ལ། བོད་ནང་གི་བོད་མི་ཤེས་ཡོན་ཅན་མང་ཆེ་བས་དེ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། དེར་བརྟེན། ངས་འགྱུར་བ་འགྲོ་ཡི་རེད་བསམ་གྱི་མེད། མ་གཞི་ང་ད་ལྟ་ལས་གནས་ནས་དགོངས་ཞུའི་གནས་སྟངས་ཐོག་བསྡད་ཡོད་ཀྱང་། ང་བོད་ཀྱི་ཆོས་ཕྱོགས་ཀྱི་སྣེ་ཁྲིད་པ་ཞིག་ཡིན་པ་དང་ལྷག་པར་ངས་བཤད་པ་ལ་ཡིད་ཆེས་དང་གུས་བརྩི་བྱེད་ཀྱི་ཡོད་པ་རེད། དེ་འདྲ་ཡིན་དུས་སྐྱོན་ཆེན་པོ་དེ་འདྲ་ཡོང་གི་འདུག་ན་ངས་བསམ་ཚུལ་ཤོད་ཆོག་གི་རེད། ད་ཉན་དང་མི་ཉན་གནས་ཚུལ་ཁ་ཁར་རེད། ཕལ་ཆེར་ཁྱོད་རང་ཚོས་བློ་གཡེང་སེམས་ཁྲལ་ཁྱོན་ནས་གནང་དགོས་ཀྱི་མ་རེད་”ཅེས་གསུངས་སོང་།
ཡང་རྒྱ་མི་ཞིག་གིས་“སྐུ་ཉིད་ཀྱིས་བོད་རྒྱ་མི་རིགས་གཅིག་མཐུན་ཡོང་ཐབས་གསུང་བ་དགའ་བསུ་བྱེད་འོས་པ་རེད་དེ། རྒྱ་གར་ནང་ལ་སྲིད་གཞུང་གསར་པ་བསྐྲུན་ཡོད་པ་དེ་འདྲ་ཡིན་ན། འབྱུང་འགྱུར་མཉམ་གནས་ཇི་ལྟར་ཡོང་ཐབས་ཡོད་པ་རེད་”ཅེས་དྲིས་པར། ༧གོང་ས་མཆོག་གིས། “ང་ཚོས་བཙན་བྱོལ་གཞུང་ཟེར་ནས་འབོད་ཀྱི་མེད་པར། དབུས་བོད་མིའི་སྒྲིག་འཛུགས་ཞེས་ལབ་ཀྱི་ཡོད་རེད། ཁ་བྲལ་སྲིད་གཞུང་ཟེར་བ་དེ་རྒྱ་གཞུང་གིས་ཤོད་ཀྱི་ཡོད་རེད་མ་གཏོགས། ང་ཚོས་ཁ་བྲལ་སྲིད་གཞུང་བྱེད་ཀྱི་མེད་པ་གསལ་པོ་རེད། སྔོན་མ་ལོ་མང་པོ་ཞིག་གི་སྔོན་ལ་ལྡི་ལི་ནས་ཚགས་པར་འགོད་མཁན་ཞིག་གིས་བཙན་བྱོལ་བོད་མིའི་སྲིད་གཞུང་ཟེར་ནས་བཤད་སོང་། སྐབས་དེ་དུས་ནས་ངས་ང་ཚོས་བཙན་བྱོལ་བོད་མིའི་སྲིད་གཞུང་ཞེས་འབོད་ཀྱི་མེད། བཙན་བྱོལ་སྒྲིག་འཛུགས་ཞེས་བཤད་ཀྱི་ཡོད་ཅེས་བཤད་པ་ཡིན་”ཞེས་གསུངས་སོང་།
ཡང་གོང་ས་མཆོག་གིས་མུ་མཐུད་ནས་གསུང་དོན། “ང་ཚོས་རྒྱ་གར་ལ་ཡོད་པའི་བོད་མིའི་སྒྲིག་འཛུགས་དེ་མིང་དོན་མཚུངས་པའི་མང་གཙོ་ཚད་ལྡན་ཆགས་ཡོད། (ཞལ་རྩེད་དང་འབྲེལ་ནས་གསུང་དོན་) རྗེས་མ་རྒྱ་ནག་གུང་ཁྲན་ཏང་ལ་ཕར་བསམ་འཆར་སྤྲད་ཐུབ་པའི་སྤོབས་པ་ཡོད་མཁན་ཞིག་ཆགས་ཡོད། ང་ཚོའི་སྒྲིག་འཛུགས་ཆུང་ཆུང་ཞིག་རེད་དེ་བསམ་པ་རྣམ་དག་གིས་མང་གཙོའི་ཐོག་འགྲོ་བསྡད་ཡོད། ངས་ལོ་འགའ་ཤས་གོང་ནས་འདི་འདྲ་བཤད་ཀྱི་ཡོད་རེད། ཀྲུང་གོ་གུང་ཁྲན་ཏང་གིས་དངོས་གནས་དྲང་ནས་དཀའ་ལས་བརྒྱབ་པ་རེད། ཡིན་ཡང་དེ་ནས་ག་ལེར་གུང་ཁྲན་ཏང་དངུལ་ཀྱི་སྟེང་ལ་ཕྱིན་ནས་ཏོག་ཙམ་བཙོག་པ་ཆགས་འགྲོ་ཡི་ཡོད་པའི་བཟོ་འདྲ་འདུག གུང་ཁྲན་ཏང་གིས་ལོ་དྲུག་ཅུ་ཙམ་གྱི་རིང་ལ་ཞབས་འདེགས་བསྒྲུབ་པ་རེད། ད་ལྟ་ག་ལེར་གཟི་བརྗིད་ལྡན་པའི་ངང་ནས་རྒན་ཡོལ་ལ་སོང་ན་ཡག་གི་རེད་ལ་ང་རང་སྔོན་ལ་རྒན་ཡོལ་བྱས་ཡོད། ངས་རྒན་ཡུལ་བྱེད་པ་དེ་གཟི་བརྗིད་ལྡན་པའི་ངང་ནས་རྒན་ཡོལ་བྱས་ཡོད་”ཅེས་དང་། “ད་གུང་ཁྲན་ཏང་རྒན་ཡོལ་ལ་སོང་ན་ཡག་པོ་འདུག ཡིན་ནའང་རྒྱ་ནག་ལ་ལམ་སང་མང་གཙོ་དགོས་པ་རེད་ངས་ཟེར་གྱི་མེད། རྒྱ་ནག་རྒྱལ་ཁབ་ཆེན་པོ་ཞིག་རེད། མི་མང་པོ་ཡིན་པས། དཀའ་ལས་ཡོད་པ་རེད། དེ་ནས་མི་མང་ལ་མང་གཙོའི་ཉམས་མྱོང་ཡོད་པ་མ་རེད། དེར་བརྟེན་ག་ལེར་འགྲོ་རྒྱུ་ཞིག་རེད། ད་ལྟ་ག་རེ་དགོས་རེད་ལབ་པ་ཡིན་ན་ངས་འདི་འདྲ་བཤད་ཀྱི་ཡོད། རྒྱ་ནག་མི་མང་དུང་ཕྱུར་བཅུ་གསུམ་ལ་དངོས་ཡོད་གནས་ཚུལ་ཤེས་རྒྱུའི་ཐོབ་ཐང་ཡོད་རེད། དངོས་ཡོད་གནས་ཚུལ་ཤེས་པ་ཡིན་ན་དངོས་ཡོད་གནས་ཚུལ་བཟང་དང་ངན་བརྟག་དཔྱད་བྱེད་པའི་ནུས་པ་ཡོད་རེད། དེ་འདྲ་ཡིན་དུས་ཕྱི་གསལ་ནང་གསལ་དགོས་རེད་ཅེས་ངས་དེ་བཤད་ཀྱི་ཡོད། རྒྱ་གཞུང་གིས་ངོས་ནས་གསར་འགྱུར་བཀག་བསྡོམས་བྱེད་པ་དང་ཡང་དྲང་བདེན་མིན་པའི་གསར་འགྱུར་ཆེད་མངགས་བཟོས་པ་དེ་ཚོའི་གྲས་དེ་ངེས་པར་དུ་མཚམས་འཇོག་བྱེད་དགོས་པ་རེད་འདུག དེ་ནས་རྒྱ་ནག་ལ་འཛམ་གླིང་རྒྱལ་སྤྱིའི་ཁྲིམས་ཀྱི་གནས་ཚད་ལོངས་པའི་ཁྲིམས་ཡིག་དགོས་ཀྱི་འདུག ད་ལྟ་གུང་ཁྲན་ཏང་གི་ཁྲིམས་རེད་འདུག ང་ཚོས་ཤུགས་རྒྱག་རྒྱུ་གལ་ཆེན་པོ་རེད། མང་གཙོའི་ལམ་དུ་ག་ལེར་བྱས་ནས་འགྲོ་དགོས་པ་རེད། ད་ལྟ་དགོས་པ་དེ་རྒྱ་ནག་མི་མང་གིས་གནས་ཚུལ་ཚང་མ་ཕྱི་གསལ་ནང་གསལ་གྱིས་རྟོགས་ཐུབ་དགོས་པ་དེ་དཔེ་གལ་ཆེན་པོ་རེད་འདུག ཁྱོད་རང་ཚོ་བོད་པར་མ་ཐུག་གོང་གི་བསམ་ཚུལ་ཡོད་བསྡད་པ་དང་བོད་པར་ཐུག་ནས་བསམ་ཚུལ་འགྱུར་བ་འགྲོ་ཡི་འདུག ང་ལ་རྒྱ་མི་མང་པོ་བཤད་མཁན་བྱུང་། ད་སྔོན་གུང་ཁྲན་ཏང་གིས་ལབ་བཞག་པ་དེར་ཡིད་ཆས་བྱས་ནས་བསྡད་ཡོད། དངོས་ཡོད་གནས་ཚུལ་མཐོང་བའི་སྐབས་སུ་ཁྱོན་ནས་འདྲ་ཡི་མི་འདུག་ཅེས་བཤད་མཁན་མང་པོ་འདུག་”ཅེས་བཀའ་སློབ་ལམ་སྟོན་གནང་ཡོད་པ་རེད།།
ཨོ་སི་ཁྲུ་ལི་ཡའི་མེལ་བྷོན་གྲོང་ཆེར་ནས་གསར་འགོད་པ་སེར་ཤུལ་དཀོན་མཆོག་གིས།
{jcomments on}