གཞུང་གི་ངོ་བོར་འགྱུར་བ་གང་ཡང་འགྲོ་རྒྱུ་མ་རེད།

བོད་ཀྱི་གྲོས་ཚོགས་དང་སྲིད་ཇུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་མཐོ་རིམ་སློབ་མ་དྲུག་ཅུ་ཙམ་ལ། ཉིན་དགུའི་རིང་ཟབ་སྦྱོང་ཞིག་གངས་སྐྱིད་དུ་གོ་སྒྲིག་བྱས་ཡོད་པ་དང་། ཟབ་སྦྱོང་དེའི་ཐོག་ཟླ་འདིའི་ཚེས་༡༡ ཉིན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་ཤེས་ཡོན་ལམ་སྟོན་ཞེས་པའི་བརྗོད་གཞིའི་ཐོག་ཟབ་ཁྲིད་གནང་ཡོད་པ་རེད།

སྐབས་དེར་སློབ་མ་ཞིག་གིས་བཙན་བྱོལ་བོད་གཞུང་ཞེས་པ་བོད་མིའི་སྒྲིག་འཛུགས་ཞེས་མིང་སྒྱུར་དགོས་དོན་སྐོར་བཀའ་འདྲི་ཞུས་པར།

samdhong rinbochie_24_5_2011

བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་དབུས་བོད་མིའི་སྒྲིག་འཛུགས་ཞེས་མིང་སྒྱུར་དགོས་པའི་སྐོར་གསུང་དོན། “ང་ཚོ་སྐྱབས་བཅོལ་དུ་འབྱོར་རྗེས་རྒྱ་གར་གཞུང་དང་བོད་གཞུང་གི་བར་ལ་ནང་དོན་གོ་བ་ག་རེ་ཡོད་པ་རེད་ཟེར་ན། ༧སྐྱབས་མགོན་རིན་པོ་ཆེའི་ཕྱག་ལས་ཡོངས་སུ་རྫོགས་པ། བཀའ་ཤག་གི་ལས་དོན་ཡོངས་སུ་རྫོགས་པ། སྒྲིག་འཛུགས་ཀྱི་ག་རེ་ཡོད་པ་ཚང་མ་ང་ཚོས་རྒྱ་གར་ནང་ནས་བྱས་ན་འགྲིག་གི་ཡོད་པ་རེད། ཡིན་ནའང་བཙན་བྱོལ་བོད་གཞུང་ཞེས་པའི་ཐ་སྙད་དེ་བེད་སྤྱོད་མི་བྱེད་རྒྱུའི་གོ་བ་དེ་རེད། ཕྱི་ཟླ་༤ ཚེས་༢༤ ཉིན་མ་སུ་རི་ལ་(རྒྱ་གར་གྱི་སྲིད་བློན་)ནེ་ཧ་རུ་༧གོང་ས་མཆོག་ལ་མཇལ་ཁར་བཅར་ཏེ། ཐུགས་ལྷོད་ལྷོད་བྱས་ནས་ཆུ་ཚོད་གསུམ་བཞི་རིང་ལ་༧སྐུ་མདུན་ལྷན་རྒྱས་ལ་བཀའ་མོལ་གནང་བ་རེད། སྐབས་དེར་༧གོང་ས་མཆོག་གིས་ལྷ་ས་ནས་ལྷུན་རྩེ་རྫོང་ལ་གཞུང་སྤོས། ཕ་གིར་གནས་མ་ཐུབ་པར་ཚུར་རྒྱ་གར་ལ་སླེབས་པ་རེད་ཅེས་བྱུང་རིམ་དེ་བཀའ་གནང་སྐབས། ནེ་ཧ་རུ་འདྲོགས་ནས་རྐུབ་བཀྱག་ཐོག་ལ་ལག་པ་ཞིག་བརྡབས་ཏེ། འདིར་བཙན་བྱོལ་གཞུང་ང་ཚོས་ངོས་ལེན་བྱེད་ཀྱི་ཡོད་པ་མ་རེད་ཅེས་ཞུས་སྐབས། ༧གོང་ས་མཆོག་གིས་འདིར་བཙན་བྱོལ་གཞུང་ཡོད་ཅེས་ངས་ལབ་ཀྱི་མེད། ང་ཚོ་ཚུར་ཡོང་སྟངས་ཀྱི་བྱུང་བ་བཤད་ཀྱི་ཡོད་པ་ལས། བཙན་བྱོལ་གཞུང་ངོས་ལེན་བྱེད་རོགས་གྱིས་ཟེར་གྱི་མེད་ཅེས་གསུངས་པ་རེད། དེའི་ཉིན་ཁ་ཤས་ཀྱི་སྔོན་ཡིན་དང་ཉིན་ཁ་ཤས་ཀྱི་རྗེས་ཡིན། གང་ལྟར་ཕྱི་ཟླ་༤ པའི་ཟླ་མཇུག་དང་ཕྱི་ཟླ་༥ པའི་ཚེས་ཤར་གང་རུང་ཞིག་ལ་༧སྐྱབས་མགོན་རིན་པོ་ཆེས་མ་སུ་རིར་གསར་འགོད་གསལ་བསྒྲགས་དང་པོ་དེ་གནང་བ་རེད། སྐབས་དེར་ང་དང་ངའི་བཀའ་ཤག་གང་དུ་ཡོད་པ་དེ་ལ་བོད་མི་ས་ཡ་དྲུག་གིས་བོད་ཀྱི་ཁྲིམས་མཐུན་གྱི་གཞུང་ཡིན་པ་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད་ཅེས་གསུངས་ཡོད་པ་རེད། བོད་མི་ས་ཡ་དྲུག་གིས་ཁྲིམས་མཐུན་གྱི་གཞུང་དེ་༧རྒྱལ་བ་རིན་པོ་ཆེ་དང་༧རྒྱལ་བ་རིན་པོ་ཆེའི་བཀའ་ཤག་གང་དུ་ཡོད་པ་དེར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཡིན་ནའང་ང་ཚོས་རྒྱ་གར་གཞུང་ལ་དེ་ངོས་ལེན་དགོས་ཟེར་གྱི་ཡོད་པ་མ་རེད་ལ། ཕྱིའི་རྒྱལ་ཁབ་ཚོ་ལ་དེ་ངོས་ལེན་བྱེད་དགོས་ཞེས་བཤད་ཀྱི་ཡོད་པ་མ་རེད་”ཅེས་གསུངས་སོང།

ཟམ་གདོང་རིན་པོ་ཆེས་མུ་མཐུད་རྒྱལ་ཁབ་གཅིག་གི་ནང་དུ་གཞུང་གཉིས་བཙུགས་མི་ཆོག་པའི་སྐོར་གསུང་དོན། “རྒྱ་གར་ནང་དུ་བར་ལམ་ཞིག་ནས་ཧིན་དྷིའི་ཚགས་པར་དེ་འདྲའི་ཐོག་རྒྱལ་ཁབ་གཅིག་ལ་གཞུང་གཉིས་འདུག བཙན་བྱོལ་བོད་གཞུང་ཟེར་བ་དེ་རྒྱ་གར་གཞུང་གིས་དོ་སྣང་མ་བྱས་པར་བཞག་པ་དེ་གང་མིན་ཚད་རེད་ཅེས་ཐེངས་མང་པོར་བཏོན་ཚར་བ་རེད། tpprc workshop for studentsཉེ་ཆར་ཧི་མ་ཅཱལ་ཆེས་མཐོའི་ཁྲིམས་ཁང་ལ་མི་ཞིག་གིས་ཁ་མཆུ་གཏུགས་ཡོད་པ་རེད། དེའི་གནད་དོན་གཅིག་དེ་བཙན་བྱོལ་བོད་གཞུང་གི་རྒྱལ་དར་འཛུགས་ཀྱི་འདུག དེ་ཁྲིམས་འགལ་རེད་ཅེས་པ་དེ་རེད། ཁ་མཆུ་ཁྲིམས་ཁང་དུ་ཐག་ཆོད་རྒྱུ་རེད། གནས་ཚུལ་དེ་འདྲ་མང་པོ་ཡོང་སྐབས། རྒྱ་གར་གཞུང་ལ་རྒྱ་ནག་གཞུང་གིས་གནོན་ཤུགས་ཀྱིས་ཁྱད་པར་དེ་ཙམ་འགྲོ་རྒྱུ་མ་རེད་མོད། གལ་སྲིད་ཁྲིམས་ཁང་ཞིག་ནས་དེ་ལབ་ཆོག་གི་མ་རེད་ཅེས་ཐག་གཅོད་བྱས་ན་རྒྱ་གར་གཞུང་ལ་གང་ཡང་བྱེད་རྒྱུ་ཡོད་པ་མ་རེད། རྒྱ་གར་དེ་ཁྲིམས་ཀྱི་དབང་བསྒྱུར་ཡོད་སའི་རྒྱལ་ཁབ་ཅིག་རེད། ཁྲིམས་ཁང་གི་ཐག་གཅོད་དེ་འཛིན་སྐྱོང་གིས་མེད་པ་བཟོ་རྒྱུ་ཡོད་པ་མ་རེད། ཁྲིམས་ཁང་ནང་ཁ་མཆུའི་འོག་ནས་བཙན་བྱོལ་བོད་གཞུང་ཞེས་མིང་བཏག་ཡོད་པ་ར་འཕྲོད་སོང་། དེ་རིང་ནས་དེ་འདོགས་ཆོག་གི་མ་རེད། ཡང་ན་དེའི་ལས་དོན་ག་ཚོད་ཡོད་ན་བྱེད་ཆོག་གི་མ་རེད་ཅེས་ཐག་གཅོད་བྱས་ན། དངོས་གནས་ང་ཚོས་བྱེད་ཁག་པོ་རེད། ཆབ་སྲིད་ཀྱི་རྒྱབ་ལྗོངས་ག་ཚོད་ཅིག་ཡོད་ནའང། དེས་མ་ཕན་པར་ངོ་ཚ་པོ་ཞིག་ཆགས་རྒྱུ་རེད་ང་ཚོས་བསམ་པ་རེད་”ཅེས་གསུངས་སོང་།

བོད་གཞུང་ཞེས་པའི་ཐ་སྙད་སྒྱུར་དགོས་དོན་སྐོར་གསུང་དོན། “རྒྱ་གར་གཞུང་དང་བོད་གཞུང་གི་བར་མོས་མཐུན་ག་རེ་བྱུང་ཡོད་པ་རེད་ཟེར་ན། Central Tibetan Administration of His Holiness the Dalai Lama ཞེས་དེར་བེད་སྤྱོད་གཏོང་གི་ཡིན་ཞེས་༡༩༥༩ ལོ་ནས་ད་ལྟ་བར་དུ་བེད་སྤྱོད་གཏོང་བཞིན་པ་རེད། ཐ་སྙད་དེ་རྒྱ་གར་ནང་དུ་རྩོད་པ་ཡོད་པ་མ་རེད་ལ། རྒྱལ་སྤྱིའི་ནང་དུ་ཡང་རྩོད་པ་ཡོད་པ་མ་རེད། ཐ་སྙད་འགྱུར་བ་བཏང་བ་རེད་ཅེས་བརྗོད་པ་དེ་ཡང་ཁྱབ་ཆེ་དྲགས་པ་རེད། དབྱིན་ཡིག་དང་བོད་ཡིག་གཉིས་ཀའི་ནང་ཐ་སྙད་མི་མཐུན་པ་གཉིས་ཡོད་པ་དེ་གཅིག་གྱུར་བཟོས་ནས། དབྱིན་ཡིག་ནང་དུ་Central Tibetan Administration ཡོད་པ་བཞིན། བོད་སྐད་ནང་དུ་དབུས་བོད་མིའི་སྒྲིག་འཛུགས་ཞེས་བྲིས་ན་ང་ཚོའི་ཉེན་ཁ་ཐམས་ཅད་བཀག་ཐུབ་ཀྱི་འདུག ཐ་སྙད་འགྱུར་བ་བཏང་བ་ཡིས་གཞུང་གི་ངོ་བོར་འགྱུར་བ་གང་ཡང་འགྲོ་རྒྱུ་མ་རེད། མང་གཙོའི་ཀ་བ་གསུམ་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་། གྲོས་ཚོགས་ནས་སྔོན་མ་བཞིན་ལས་ཀ་བྱེད་རྒྱུ་རེད། འཛིན་སྐྱོང་ནང་སྔོན་མ་ལས་སྐུ་དབང་ཆེ་རུ་ཕྱིན་པ་དང་། གྲ་རྒྱས་པོ་ཆགས་པ་རེད། དེ་ཚོས་ལས་དོན་བྱེད་བཞིན་པ་དེ་ཁྲིམས་ཁང་ནས་འདི་གཞུང་རེད་ཅེས་ཤོད་རྒྱུ་ཡོད་པ་མ་རེད། ཡིག་ཆའི་ནང་དུ་ཐ་སྙད་དེ་མེད་པ་ཆགས་དུས། ཐ་སྙད་ཅིག་དབྱིན་ཡིག་དང་གཅིག་གྱུར་བཟོས་པ་དེས་ང་ཚོ་སྲུང་སྐྱོབ་ཡག་པོ་བྱེད་ཐུབ་ཀྱི་ཡོད་ན།  དེ་བཟོ་རྒྱུར་ང་ཚོས་ཐེ་ཚོམ་བྱེད་དགོས་དོན་མེད་པ་ཞིག་རེད། དོན་དག་གལ་ཆེ་ཤོས་དེ་བཙན་བྱོལ་བོད་མི་ཡོངས་སུ་རྫོགས་པས་དྷ་སར་ཡོད་པའི་སྒྲིག་འཛུགས་དེ་ཁོ་རང་ཚོའི་ཁྲིམས་མཐུན་གྱི་གཞུང་ཡིན་པ་དང་། བཙན་བྱོལ་བོད་གཞུང་ཡིན་པར་ངོས་ལེན་བྱེད་དགོས་པ་རེད། དེ་ངོས་ལེན་མ་བྱས་ན་ང་ཚོས་བཙན་བྱོལ་བོད་གཞུང་ཞེས་འབུམ་གཅིག་བྲིས་ཀྱང་ཕན་ཐོགས་གང་ཡང་མེད། གཞིས་བྱེས་བོད་མི་ཡོངས་ཀྱིས་བོད་ཀྱི་ཁྲིམས་མཐུན་གྱི་གཞུང་ཡིན་པ་ལ་ངོས་ལེན་གྱིས་ཡིད་ཆེས་བློ་གཏད་ཡོད་པ་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་ཡོད་ན། བཙན་བྱོལ་བོད་གཞུང་ཞེས་པའི་ཚིག་དེ་གང་དུ་ཡང་མེད་ནའང། ང་ཚོ་ནུས་པ་ཆུང་དུ་འགྲོ་བ་དང་ཁྲིམས་མཐུན་གྱི་ནུས་པ་ཆུང་དུ་འགྲོ་བའི་གནས་ཚུལ་ཁྱོན་ནས་མེད་པ་རེད་”ཅེས་གསུངས་སོང་།

ཁོང་གིས་མུ་མཐུད་རྒྱ་ནག་གིས་རྒྱལ་སྤྱིའི་ཐོག་འགྲེལ་བཤད་རྒྱག་སྟངས་སྐོར་གསུང་དོན། “རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཕྱི་རྒྱལ་ཚོ་ལ་༧རྒྱལ་བ་རིན་པོ་ཆེ་གདན་འདྲེན་ཞུ་རྒྱུ་དང་། འགོ་ཁྲིད་ཚོ་༧རྒྱལ་བ་རིན་པོ་ཆེ་ལ་མཇལ་འཕྲད་བཀག་འགོག་སྐབས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དེབ་ཁྱེར་ཡོང་ནས། ཁྱེད་རང་ཚོས་༧རྒྱལ་བ་རིན་པོ་ཆེ་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཡིན་ཞེས་བཤད་ཀྱི་འདུག ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་མ་རེད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཞེས་པའི་ནང་༧རྒྱལ་བ་རིན་པོ་ཆེ་རྒྱལ་ཁབ་ཀྱི་དབུ་ཁྲིད་ཡིན། གཞུང་གི་དབུ་ཁྲིད་ཡིན་ཞེས་འདུག ཡིག་ཆ་འདི་འདྲ་ཡོད་པ་ཞིག་ལ་ཁྱེད་རང་ཚོས་ངོས་ལེན་བྱས་ན། ཁྱེད་རང་ཚོས་རྒྱ་ནག་གཅིག་གི་སྲིད་ཇུས་དང་། བོད་རྒྱ་ཁོངས་ཡིན་པ་ཁས་ལེན་བྱེད་ཀྱི་ཡོད་ཞེས་པ་དེ་དང་འགལ་འགྲོ་ཡི་རེད་ཅེས་གནོན་ཤུགས་སྤྲོད་སྐབས། ཁོང་ཚོས་བཤད་ཁག་པོ་འདུག ལན་རྒྱག་ཁག་པོ་འདུག་ཟེར་གྱི་ཡོད་པ་རེད། ལྷག་པར་དུ་ཨོ་བྷ་མ་སྲིད་འཛིན་ཆགས་རྗེས། ༧གོང་ས་མཆོག་དང་མཇལ་འཕྲད་གནང་དང་མ་གནང་གི་བཀའ་མོལ་བྱུང་སྐབས། ཁོང་ཚོས་གནས་ཚུལ་ཚང་མ་བསླངས་པ་རེད། ནུབ་ཕྱོགས་པའི་རྒྱལ་ཁབ་ཧྥ་རན་སི་དང་། ཨི་ཊ་ལེ་སོགས་ཚང་མས་ནང་རྒྱ་མིས་དེ་འདྲ་རང་བྱས་ཡོད་པ་རེད་”ཅེས་གསུངས་སོང་།

ཟམ་གདོང་རིན་པོ་ཆེས་མུ་མཐུད་༧གོང་ས་མཆོག་གི་དབུ་མ་ཁྲིད་པའི་སྐབས། རྒྱལ་སྤྱིའི་ནང་བོད་དོན་ལས་འགུལ་གྱི་གནས་བབ་སྐོར་གསུང་དོན། ད་ལྟ་བར་དུ་རྒྱལ་སྤྱིའི་ནང་ང་ཚོས་བཙན་བྱོལ་བོད་གཞུང་ཞེས་མཚམས་རེར་བཤད་ཀྱི་ཡོད་པ་རེད། མཚམས་རེར་བཤད་ཀྱི་ཡོད་པ་མ་རེད། ཡིན་ནའང་གཞུང་དང་གཞུང་གི་བར་འབྲེལ་བ་བྱེད་ས་དང་། རྒྱལ་སྤྱིའི་སྒྲིག་འཛུགས་ཁག་གི་ནང་དུ་ང་ཚོ་སླེབས་ཀྱི་ཡོད་པ་རེད། གང་དུ་ཡིན་ནའང་ང་ཚོ་འཛུལ་སའི་ལམ་ཁ་ཞིག་སྙེད་ཀྱི་ཡོད་པ་རེད།  ད་ལྟ་༧སྐྱབས་མགོན་རིན་པོ་ཆེ་ཆབ་སྲིད་ཀྱི་དབུ་ཁྲིད་ནས་ཕྱིར་འཐེན་གནང་བ་དང་། འགན་དབང་ཚང་མ་རྩིས་སྤྲོད་གནང་བ་ཡིན་པས། ༧རྒྱལ་བ་རིན་པོ་ཆེའི་མཚན་གྱི་གཟི་བརྗིད་འོག་ནས་སླེབས་ས་དེར་ད་ལྟ་རང་སྟོབས་ཀྱིས་སླེབས་ན་མ་གཏོགས། སྔོན་མ་ནང་བཞིན་སླེབས་ཐབས་ཡོད་པ་མ་རེད། རང་སྟོབས་ཀྱིས་སླེབས་དགོས་དུས། མི་ཕ་རོལ་པོ་དེ་འདྲོག་མི་འགྲོ་བའི་མིང་ཞིག་ཁྱེར་ན་མ་གཏོགས། ༧རྒྱལ་བ་རིན་པོ་ཆེའི་མཚན་གྱི་འོག་ནས་ཕྱིན་པ་ནང་བཞིན་ལས་སླ་པོ་མ་འོངས་པར་ཁག་པོ་ཡིན་པས། དེའི་དབང་གིས་ཀྱང་ད་རེས་ཐ་སྙད་མི་འདྲ་བ་གཉིས་གཅིག་གྱུར་བཟོས་ན་ཡག་པོ་ཡོད་པ། ༧སྐྱབས་མགོན་རིན་པོ་ཆེས་སྔ་རྗེས་སུ་བཀའ་སློབ་གནང་བ་རེད་ལ། ང་ཚོས་དེ་ལྟར་མཐོང་བ་རེད་”ཅེས་གསུངས་ཡོད་པ་རེད།།

{jcomments on}