དམིགས་བསལ་སྐུ་ཚབ་དང་དོན་གཅོད་ཁག་རང་འཇགས་བསྐོས་པ།

བཀོད་ཁྱབ་ནང་འཁོད་དོན། ཇི་ལྟར་བློ་མངའ་བཞིན་ཕྱི་ལོ་༢༠༡༡ ཟླ་༥ ཚེས་༢༩ སྔ་དྲོ་སྐབས་༡༤ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་གནང་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆོག་མཆན་སྩལ་ཐོན་གྱིས་ཁྲིམས་སུ་བཅས་ཟིན་པ་དེའི་རྗེས་འབྲས་སུ། དེ་སྔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཆར་འབུལ་ཕྱག་རྟགས་ཀྱི་ལམ་ནས་བསྐོ་གཞག་བྱས་པའི་སྐུ་ཚབ་དོན་གཅོད་རྣམ་པའི་ལས་དུས་རང་བཞིན་གྱིས་རྫོགས་པ་དེ་ལྟར་ཡང། བཀའ་ཤག་གིས་བཀོད་ཁྱབ་གསར་པ་མ་བྱུང་བར་གཤམ་གསལ་རྣམས་ཀྱི་ལས་གནས་རང་འཇགས་སུ་བསྐོ་གཞག་བྱས་པ་ཡིན་ཞེས་དང།

སྐབས་བབ་མཛད་ཁུར་ལ་འཐུས་ཤོར་དང་བར་ཆད་མི་འབྱུང་ཆེད་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེ་དང། སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལ་བཀའ་ཤག་གི་བཀོད་ཁྱབ་གསར་པ་མ་བྱུང་བར་སྐུ་ཚབ་ཏུ་མུ་མཐུད་བསྐོ་གཞག་བྱས་པ་ཡིན། བཅའ་ཁྲིམས་དོན་ཚན་དང་པོའི་ནང་གསེས་༣ པའི་དགོངས་དོན་ལྟར་སྐུ་ཉིད་ལ་ལས་རྒྱུན་རིང་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་ཚབ་ཀྱི་མཚན་གནས་གསོལ་བསྩལ་བཀའ་དྲིན་ཆེ་སོང་བ་དེ་དོན་དགོངས་འཇགས་ཞུ་ཞེས་འཁོད་ཡོད་པ་རེད། དེ་བཞིན་ལྷན་ཁང་གི་ཁག་དྲུང་ཆེ་རྣམས་ལ་ཡང་བཀའ་ཤག་གི་བཀོད་ཁྱབ་གསར་པ་མ་བྱུང་བར་ལས་གནས་རང་འཇགས་འཇོག་རྒྱུའི་བཀོད་ཁྱབ་བཏང་ཡོད་པ་རེད།

ད་ལྟའི་སྐུ་ཚབ་དོན་གཅོད་ཁག་དགུ་ཡོད་པ་རྣམས་ནི། བཀའ་བློན་བསྟན་པ་ཚེ་རིང་ལྡི་ལི་སྐུ་ཚབ་དོན་གཅོད་དང། བཀའ་ཟུར་ཛ་ཡུལ་བློ་བཟང་སྙན་གྲགས་ཨ་རི་སྐུ་ཚབ་དོན་གཅོད། དྭགས་པོ་བསོད་ནམས་ནོར་བུ་ཨོ་སི་ཁྲུ་ལི་ཡའི་སྐུ་ཚབ་དོན་གཅོད། ངག་དབང་རབ་རྒྱས་རུ་སོག་སྐུ་ཚབ་དོན་གཅོད། མཚོ་སྒོ་ལྷག་པ་ཤར་ཨེ་ཤི་ཡ་སྐུ་ཚབ་དོན་གཅོད། བསོད་ནམས་བསྟན་འཛིན་ལྷོ་ཨབ་རི་ཁའི་སྐུ་ཚབ་དོན་གཅོད། ཟླ་བ་ཚེ་རིང་ཐེ་ཝན་སྐུ་ཚབ་དོན་གཅོད། ཐུབ་བསྟན་བསམ་གྲུབ་དབྱིན་ཇིའི་སྐུ་ཚབ་དོན་གཅོད། ཆོས་སྐྱབས་པ་ཚེ་བརྟན་བསམ་གྲུབ་སུད་སི་སྐུ་ཚབ་དོན་གཅོད་བཅས་ཡིན་པ་རེད།།