ཕྱི་ཟླ་༦ པའི་ནང་བྱུང་བའི་དཀར་མཛེས་ཀྱི་བོད་དོན་ལས་འགུལ།
གྲྭ་པ་དང་བཙུན་མ་ཁོང་ཚོས་ངོ་རྒོལ་དགོས་དོན་རྒྱ་ནག་གི་འོག་ཏུ་བོད་ལ་རང་དབང་མེད་པ་དང་། བོད་ལ་འགྲོ་བ་མིའི་ཐོབ་ཐང་དགོས། ༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས། སྤང་རི་སྣ་རིན་པོ་ཆེ་མཆོག་གི་དབུས་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏོང་དགོས་ཞེས་པ་སོགས་བོད་དོན་དང་འབྲེལ་བའི་ཡིག་ཆ་འགྲེམས་སྤེལ་དང་ངོ་རྒོལ་སྐད་འབོད་བྱས་ཡོད་པ་རེད།
འབྲེལ་ཡོད་ཀྱིས་འདི་གར་གནས་ཚུལ་བཏང་བའི་ནང་འཁོད་དོན། ཟླ་བ་༦ ཚེས་༦ ཉིན་གྱི་ཉིན་གུང་ཚོུད་༢ དང་ཕྱེད་ཀ་ཙམ་ལ་ཁམས་དཀར་མཛེས་གྲོང་གི་རྡོ་སེང་གེ་ཞེས་པའི་ས་ཕྱོགས་སུ་རང་ལོ་༡༨ ཡིན་པ་གྲྭ་པ་ཚེ་དབང་བཀྲ་ཤིས་དང། འགྱུར་མེད་བསོད་ནམས་གཉིས་ཀྱིས་བོད་དོན་ལས་འགུལ་སྤེལ་བར་བརྟེན། རྒྱ་ནག་གི་ཉེན་རྟོག་པས་ཉེས་རྡུང་དྲག་པོ་བཏང་སྟེ་བཙོན་འཇུག་བཀག་ཉར་བྱས་འདུག།
ཚེས་༧ ཉིན་དཀར་མཛེས་རྫོང་ཁོངས་བེ་རི་དགོན་གྱི་གྲྭ་པ་རང་ལོ་༣༡ ཡིན་པའི་འོད་ཟེར་ཕུན་ཚོགས་ལགས་ཀྱིས། དཀར་མཛེས་གྲོང་གི་ཁྲོམ་ལམ་དུ་དེ་ལྟར་བྱས་པར་བརྟེན། རྒྱ་ནག་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་པ་དངོས་སུ་མི་རྣམས་ཀྱིས་མཐོང་ཡོད་པ་རེད། ཁོང་གི་ཕ་མིང་ལ་བློ་བཟང་རྒྱལ་མཚན་དང་མ་མིང་རྟ་མགྲིན་ལྷ་མོ་ཟེར་གྱི་ཡོད་འདུག ད་ཆ་གྲྭ་པ་གསུམ་གྱི་གནས་སྟངས་དང་ས་གནས་གང་དུ་ཡོད་མེད་སོགས་གསལ་ཁ་མེད་པ་རེད།
ཚེས་༡༠ ཉིན་བོད་ནང་ཉིན་གུང་ཆུ་ཚོད་༡༢ ཙམ་ལ་དཀར་མཛེས་དགོན་དུ་སློབ་སྦྱོང་བྱེད་བཞིན་ཡོད་པ་རྩིས་ཚང་དགོན་གྱི་གྲྭ་མགོ་དབྱངས་ཀྱིས་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་ལས་འགུལ་སྤེལ་བར་བརྟེན། རྒྱ་ནག་གཞུང་གི་ཉེན་རྟོག་པ་དང། དམག་མིས་ཉེས་རྡུང་གཏོང་བཞིན་འཛིན་བཟུང་བཙོན་འཇུག་བྱས་ཡོད་འདུག གྲྭ་མགོ་དབྱངས་ནི། སྐྱེས་ཡུལ་ཁམས་དཀར་མཛེས་རྫོང། ལྷོ་པ་ཤང། རྩག་ལེགས་གྲོང་ཚོ་རུ་ཕ་ཐུབ་བསྟན་དང་། མ་ཚེ་རྒྱན་སྒྲོལ་མ་གཉིས་ཀྱི་བུ་རུ་སྐྱེས་ཤིང་ད་སྐབས་རང་ལོ་༣༠ ཙམ་ཡིན་པ་རེད། ཁོང་གི་ནང་མི་ཕ་མ་གཅིག་པའི་སྤུན་མཆེད་རང་ལོ་༢༣ ཡིན་པ་གྲྭ་བློ་དབྱངས་ཀྱིས་ཕྱི་ལོ་༢༠༠༨ ལོའི་ཟླ་༥ པའི་ཚེས་༢༠ ཉིན་དཀར་མཛེས་རྫོང་ཐོག་ཏུ་ཞི་རྒོལ་བྱས་རྐྱེན་འཛིན་བཟུང་བྱས་ནས། ཟླ་ཤས་རྗེས་དུས་བཀག་བཙོན་འཇུག་ལོ་༣ གྱི་ཁྲིམས་ཐག་བཅད་དེ་རྒྱ་ནག་ཁྲིན་ཏུའུ་ཕྱོགས་ཀྱི་བཙོན་ཁང་ཞིག་གི་ནང་དུ་བཙོན་འཇུག་བྱས་ཡོད་ནའང། ཉེ་ཆར་བཙོན་གྲོལ་ཐོབ་ཡོད་པ་རེད།
ཡང་ཚེས་༡༠ ཉིན་དེ་རང་ལ་བོད་ནང་གི་དགོང་མོ་ཆུ་ཚོད་༥ པ་ཙམ་གྱི་ཐོག་དཀར་མཛེས་རྫོང་ལམ་བྲག་བཙུན་དགོན་གྱི་བཙུན་མ་རང་ལོ་༢༥ ཡིན་པ་བྱམས་པ་ལྷ་མཚོ་དང་། རང་ལོ་༢༠ ཡིན་པ་བཙུན་མ་རིག་དགའ་གཉིས་ཀྱིས་ལས་འགུལ་སྤེལ་བར་བརྟེན། འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་རེད།
ཟླ་བ་འདིའི་ཚེས་༡༠ ཉིན་རྒྱབ། བེ་རི་ནས་ཡིན་པའི་བཙུན་མ་ཚེ་དབྱངས་ལགས་ཀྱིས་དཀར་མཛེས་རྫོང་ཐོག་ཏུ། ལས་འགུལ་སྤེལ་བར་བརྟེན། འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་རེད། ཁོང་ནི་རང་ལོ་༢༠ ཡིན་པ་དང་། ཕ་མིང་བཀྲ་ཤིས་དབང་ཕྱུག་དང་མ་མིང་ལ་མེ་ཏོག་ལྷ་མོ་ཟེར་གྱི་ཡོད་པ་རེད།
ཟླ་བ་འདིའི་ཚེས་༡༡ ཞོགས་པ་བེ་རི་དགོན་གྱི་དགེ་བསྐོས་ཟུར་པ་རང་ལོ་༣༤ ཡིན་པ། བློ་བཟང་བསྟན་པ་དང་པདྨ་གཡུ་སྒྲོན་གཉིས་ཀྱི་བུ་པདྨ་ཚེ་རིང་ལགས་ཀྱིས། དཀར་མཛེས་རྫོང་ཐོག་ཏུ་ལས་འགུལ་སྤེལ་བར་བརྟེན། འཛིན་བཟུང་བཙོན་འཇུག་བྱས་པ་དང་། ད་ལྟའི་ཆར་ཁོང་ཉིད་འཛིན་བཟུང་བྱས་རྗེས་གང་དུ་བཙོན་འཇུག་བྱས་ཡོད་མེད་ཀྱི་གནས་ཚུལ་གསལ་པོ་གང་ཡང་མེད་པ་རེད།
ཚེས་༡༢ ཉིན་བོད་ནང་སྔ་དྲོ་ཆུ་ཚོད་༡༠ པ་ཙམ་ལ་དཀར་མཛེས་རྫོང་། ཉི་མོ་དགེ་ཚུལ་དགོན་གྱི་བཙུན་མ་གསུམ་གྱིས་དཀར་མཛེས་རྫོང་ཐོག་ཏུ་ཞི་རྒོལ་བྱས་པར་བརྟེན། འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་རེད། དེའི་ནང་ནས་བཙུན་མ་ཡེ་ཤེས་ལྷ་མཚོ་ནི། དཀར་མཛེས་རྫོང་། སུ་ངོ་ཤང། འབུ་ལྔ་གྲོང་ནས་ཡིན་པ་དང་། ཕ་རྩི་སེམས་དང་མ་བསོད་ནམས་ཆོས་སྐྱིད་གཉིས་ཡིན་པ་དང། ད་སྐབས་རང་ལོ་༢༧ ཡིན་འདུག
བཙུན་མ་ཆོས་དབྱངས་ནི། སྐྱེས་ཡུལ་དཀར་མཛེས་རྫོང་། སུ་ངོ་ཤང་། འབྲུ་ལྔ་གྲོང་། ཕ་བསོད་ནམས་དངོས་སྒྲུབ་དང། མ་བདེ་སྐྱིད་ཆོས་མཚོ་གཉིས་ཡིན་པ་དང། ད་སྐབས་རང་ལོ་༢༢ ཡས་མས་ཤིག་ཡིན་འདུག བཙུན་མ་སྤེན་པ་ལྷ་མོ་ནི། དཀར་མཛེས་རྫོང། ལྷོ་པ་ཤང། འབྲུག་ལོངས་གྲོང་ཡིན་པ་དང། ཕ་རྣམ་རྒྱལ་རྡོ་རྗེ་དང། མ་མཁའ་འགྲོ་ཆོས་མཚོ་གཉིས་ཡིན་པ་དང། ད་ལྟ་རང་ལོ་༢༢ ཡིན་འདུག
ཡང་ཉིན་དེ་རང་ལ་མིང་སོགས་མ་ངེས་པའི་གྲྭ་པ་ཞིག་གིས་དཀར་མཛེས་རྫོང་ཐོག་ཏུ་ཞི་རྒོལ་བྱས་པར་བརྟན། དྲག་ཆས་ཉེན་རྟོག་པས་ཉེས་རྡུང་ཚད་མེད་གཏོང་བཞིན་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་མ་ཟད་རྒྱ་གཞུང་གིས་ཁམས་དཀར་མཛེས་རྫོང་ཁོངས་སུ་ཡུལ་དགོན་གཉིས་ལ་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་འདུག །
{jcomments on}