བོད་མིས་ས་གནས་ཡུལ་མིར་ཐུགས་རྗེ་ཞུ་ཆེད་དུ་ཡིན་ཟེར།

དེ་ཡང་བལ་ཡུལ་འཕགས་ཤིང་མངའ་ཁུལ་ས་གནས་ཡུལ་མིའི་སྨན་ཁང་ལ་བོད་མི་ཁག་གཅིག་གིས་དཔལ་འབྱོར་འཐབ་འཚོལ་བྱས་པ་དང་། མིག་ནད་སྨན་བཅོས་སྡེ་ཚན་ཞིག་བལ་ཡུལ་གྱི་མིག་གི་སྨན་ཁང་སྐད་གྲགས་ཅན་ཏིལ་ལུ་གཱ་ག་དང་མཉམ་འབྲེལ་བྱས་ནས་གསར་འཛུགས་བྱས་པ་དང་། ཟླ་འདིའི་ཚེས་༡༤ ཉིན་ཡུལ་མི་གནད་ཡོད་མི་སྣ་དང་བོད་མི་སྤྱིན་བདག་སོགས་ཡོད་སར་་སྒོ་འབྱེད་བྱས་ཡོད་པ་རེད། དེ་ནི་བལ་ཡུལ་གནས་སྡོད་བོད་མི་ཟླ་བ་བསམ་བསྟན་ལགས་ནས་ལས་གཞི་འགོ་འཛུགས་བྱས་པ་ཞིག་ཡིན་པ་དང་། ཁོང་གིས་བརྗོད་དོན། ལས་གཞི་དེའི་ཐད་ཐབས་འཚོལ་རིམ་པ་བྱས་མཐར་Switzerland  ལ་ཡོད་པའི་ Vision Tibet Foundation Switzerland ཐེབས་རྩ་ཚོགས་པར་འབྲེལ་བ་བྱུང་ནས་ཁོང་ཚོའི་རྒྱབ་སྐྱོར་ཐོབ་པ་དང་། དེའི་ཐོག་བལ་ཡུལ་དུ་གནས་བཞུགས་འཁྲུལ་ཞིག་རིན་པོ་ཆེ་དང་། གྲུབ་ཐོབ་རིན་པོ་ཆེ། འཕེལ་རྒྱས་ཚེ་རིང་དཔལ་སྒྲོན། བསོད་ནམས་སྟོབས་རྒྱལ། ཚེ་རིང་རབ་རྒྱལ། ཆོས་དཔལ། འཕགས་ཤིང་པོ་པོ་ཚོགས་པ་བཅས་ནས་བསྡོམས་བལ་སྒོར་འབུམ་ཐེར་ལྔ་ལྷག་གི་དཔལ་འབྱོར་མཐུན་འགྱུར་གནང་ཐོག། ལས་གཞིར་རྒྱབ་སྐྱོར་བྱེད་མཁན་གོང་གི་ཚོགས་པས་བལ་སྒོར་འབུམ་ལྔ་བཅས་བསྡོམས་འབུམ་ཐེར་བཅུ་ཙམ་བྱུང་ནས་ད་ལྟ་སྨན་ཁང་དངོས་སུ་འགོ་བཙུགས་ཐུབ་པ་བྱུང་བས་དགའ་པོ་བྱུང་ཞེས་དང་། ལས་གཞི་འདི་ལེགས་འགྲུབ་བྱུང་བ་བརྒྱུད་ས་གནས་བོད་མི་དང་དགོན་སྡེ་ཁག་གིས་ས་གནས་ཡུལ་མིའི་ཆེད་སྨན་ཁང་བསྐྲུན་པ་དམིགས་ཡུལ་ཡག་པོ་ཡོད་ཐོག། སྐྱོ་བོ་ཉམས་ཐག་རིགས་ལ་སྨན་བཅོས་རིན་པ་ཆག་ཡང་དང་བོད་ཀྱི་རྒན་གསོ་ཁང་ལ་ཡོངས་སུ་རིན་མེད་བྱེད་རྒྱུ། ད་དུང་འཕགས་ཤིང་མངའ་ཁུལ་ལ་མིག་གི་སྨན་ཁང་མེད་པའི་གནད་དོན་ཐག་གཅོད་ཐུབ་པ་བྱུང་ཡོད་ཅེས་ངོ་སྤྲོད་གནང་སོང་།

དཔལ་འབྱོར་མཐུན་འགྱུར་གནང་མཁན་འཕེལ་རྒྱས་ཚེ་རིང་དཔལ་སྒྲོན་གྱི་བུ་མོ་འཕེལ་རྒྱས་སྒྲོལ་མ་མཚོ་མོ་ལགས་ནས་བརྗོད་དོན། འཕགས་ཤིང་མངའ་ཁུལ་ལ་དཔལ་འབྱོར་གྱི་རོགས་རམ་བྱས་པ་ང་རང་འབྱོར་ལྡན་ཡིན་པས་མིན་ཡང་། ས་གནས་ཡུལ་མིའི་བཀའ་དྲིན་ལ་བསམ་ཤེས་དང་ཐུགས་རྗེ་མཚོན་བྱེད་དུ་བྱེད་འདོད་ཡོད་ཅེས་བརྗོད་སོང་།

དེ་ལྟར་མཛད་སྒོའི་ཐོག་མཉམ་ཞུགས་བྱས་ཡོད་པའི་ས་གནས་བལ་ཡུལ་གྱི་ཡུལ་མི་གནད་ཡོད་མི་སྣ་ཁག་གཅིག་གིས་བོད་མིའི་རོགས་རམ་ལ་བསྔགས་བརྗོད་དང་དགའ་བསུ་བྱས་པ་དང་། ཁག་གཅིག་གིས་མུ་མཐུད་དཔལ་འབྱོར་ཐད་ཞལ་འདེབས་གནང་ཡོད་པ་རེད།

མིག་གི་སྨན་ཁང་དེ་བོད་མིའི་རོགས་རམ་འོག་ད་ལྟ་དངོས་སུ་སྒོ་འབྱེད་བྱས་ནས་སྨན་བཅོས་བརྟག་དཔྱད་བྱེད་འགོ་བཙུགས་ཡོད་པ་དང་། མ་འོངས་པར་Vision Tibet Foundation Switzerland ཐེབས་རྩ་ཚོགས་པས་མཐུན་འགྱུར་རོགས་རམ་གནང་རྒྱུ་ཡིན་པ་རེད་འདུག །