ཉེས་མེད་བཙོན་འཇུག་དང་བཙན་འཁྲིད་བྱེད་པར་སེམས་འཚབ་ཡོད།
ཟླ་འདིའི་ཚེས་༡༦ ཉིན་སུད་སི་གྲོང་ཁྱེར་ཇི་ནི་ཝཱར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་འཚོག་པའི་སྐབས་སུ་ཨ་རི་དང་ཡུ་རོབ་མནའ་མཐུན་ཚོགས་པ། དེ་བཞིན་སྦེལ་རྗམ་དང། ཅེག་སྤྱི་མཐུན་རྒྱལ་ཁབ། སུ་ཝི་ཌཱན་རྒྱལ་ཁབ་ཀྱི་སྐུ་ཚབ་འཐུས་མི་རྣམས་ཀྱིས་རྒྱ་ནག་གཞུང་ལ་འབོད་སྐུལ་གྱི་ཡི་གེ་ཁག་ཅིག་བཏོན་ཡོད་པ་རེད།
ཡུ་རོབ་མནའ་མཐུན་ཚོགས་པའི་སྐུ་ཚབ་ཀྱིས་རྒྱ་ནག་གཞུང་ལ་སྤྲད་པའི་འབོད་སྐུལ་ཡི་གེའིི་ནང་འཁོད་དོན་ལྟར་ན། རྒྱ་ནག་ཏུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ་དེར་སེམས་འཚབ་ཧ་ཅང་ཆེན་པོ་ཡོད། རྒྱ་ནག་གཞུང་གི་བཙན་དབང་འོག་ཉེས་མེད་འཛིན་བཟུང་བྱས་པ་དང། བཙན་དབང་འོག་གར་སོང་ཆ་མེད་གྱུར་པ་རྣམས་གང་དུ་ཡོད་མེད་དང་། སྨྲ་བརྗོད་རང་དབང་གི་རྩོད་ལེན་བྱེད་མཁན་རྣམས་འཕྲལ་དུ་གློད་གྲོལ་གཏོང་དགོས་པ་མ་ཟད། རྒྱ་ནག་གཞུང་གིས་རྔ་པ་ཀིརྟི་དགོན་པར་དྲག་གནོན་བྱེད་རྒྱུ་འཕྲལ་དུ་མཚམས་འཇོག་བྱས་ཏེ་ཀིརྟི་དགོན་པའི་ནང་ད་ལྟ་དངོས་ཡོད་གནས་ཚུལ་ཇི་འདྲ་ཡིན་མིན་ཤེས་རྟོགས་ཆེད་རང་དབང་ཅན་གྱི་ཞིབ་འཇུག་ཚོགས་ཆུང་བསྐྱོད་དེ་ཞིབ་འཇུག་བྱེད་འཇུག་དགོས་ཞེས་སོགས་འཁོད་ཡོད་འདུག
དེ་བཞིན་ཨ་རིའི་སྐུ་ཚབ་མཆོག་གིས་རྒྱ་ནག་གཞུང་ལ་སྤྲད་པའི་འབོད་སྐུལ་ཡི་གེའི་ནང། རྒྱ་ནག་ནང་ཁྲིམས་རྩོད་པ་དང་དྲ་རྒྱ་བེད་སྤྱོད་བྱེད་མཁན། ལས་འགུལ་བ། ཆོས་པ་དང། དེ་དག་གི་ནང་མི་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐོག་དམ་དྲག་ཤུགས་ཆེ་རུ་བཏང་སྟེ་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་རྩིས་མེད་རྡོག་རོལ་གྱིས་ཉེས་མེད་འཛིན་བཟུང་བྱེད་རྒྱུ་མང་དུ་བཏང་ཡོད་པ་དེར་སེམས་འཚབ་ཤུགས་ཆེ་ཡོད་སྐོར་བརྗོད་ཡོད་པ་མ་ཟད། རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་༣༠༠ ཙམ་དགོན་པ་ནས་བཙན་འཁྲིད་བྱས་པའི་གནས་ཚུལ་དེ་རིགས་མཚམས་འཇོག་དགོས་ཞེས་འཁོད་ཡོད་འདུག
སྦེལ་རྗམ་སྐུ་ཚབ་ཀྱི་འབོད་སྐུལ་ཡི་གེའི་ནང་དུའང། རྒྱ་ནག་ཏུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ཡར་རྒྱས་གང་ཡང་ཕྱིན་མེད། རྒྱ་ནག་གཞུང་གིས་དྲ་རྒྱའི་རང་དབང་ཐོག་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་དང། པེ་ཅིང་དུ་ཡོད་པའི་གསར་འགྱུར་བརྒྱུད་ལམ་ཁག་ལ་དམ་དྲག་བྱས་ནས་གསར་འགོད་པ་ཚོའི་ལས་ཀའི་ཐོག་འགོག་རྐྱེན་བཟོ་བཞིན་ཡོད། སྦེལ་རྗམ་སྲིད་གཞུང་གིས་རྒྱ་ནག་གཞུང་ལ་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་བཀག་ཉར་བྱས་པ་རྣམས་ཀྱི་གནས་སྟངས་ཇི་ཡིན་གསལ་བཤད་དགོས་སྐོར་འཁོད་ཡོད་འདུག
དེ་བཞིན་སུ་ཝི་ཌན་སྲིད་གཞུང་གི་འབོད་སྐུལ་ཡི་གེའི་ནང་འཁོད་པ་ལྟར་ན། རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཇི་བཞིན་ཁྲིམས་ལུགས་ལག་བསྟར་མ་ཐུབ་པ་དང། སྨྲ་བརྗོད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་ཚོར་སུན་བཙིར་བཟོ་རྒྱུ་ཤུགས་ཆེ་རུ་བཏང་བ་དེར་སེམས་འཚབ་ཆེན་པོ་ཡོད། དེ་བཞིན་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་ཚོར་དྲག་གནོན་བྱེད་རྒྱུ་འཕྲལ་དུ་མཚམས་འཇོག་བྱེད་དགོས་པ་དང་དངོས་ཡོད་གནས་ཚུལ་ཤེས་ཆེད་ཁུལ་དེར་རང་དབང་ཅན་གྱི་ཞིབ་འཇུག་ཚོགས་ཆུང་འགྲོ་འཇུག་དགོས་པ་དང་། བོད་མི་ཚོར་རང་གི་ཐོབ་ཐང་སྤྲོད་དགོས་ཞེས་སོགས་འཁོད་ཡོད་པ་རེད།
ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐུ་ཚབ་འཐུས་མིས་རྒྱ་ནག་གཞུང་ལ་སྤྲད་པའིའབོད་སྐུལ་ཡི་གེའི་ནང་དུའང། རྒྱ་ནག་ཟི་ཁྲོན་ཞིང་ཆེན་དུ་ཡོད་པའི་ཀིརྟི་དགོན་པའི་ཛ་དྲག་གི་གནས་སྟངས་ཐོག་ང་ཚོར་སེམས་འཚབ་ཧ་ཅང་ཆེན་པོ་ཡོད། ང་ཚོས་རྒྱ་ནག་གི་གྲངས་ཉུང་མི་རིགས་ཡུ་གུར་བ་དང། བོད་མི་ཚོར་སྨྲ་བརྗོད་རང་དབང་དང་འདུ་འཛོམས་རང་དབང་སྤྲོད་དགོས་པའི་རེ་འདུན་འདོན་བཞིན་ཡོད་ཅེས་སོགས་འཁོད་ཡོད།
ཚོགས་ཆེན་དེའི་ཐོག་མི་རིགས་འཇིག་ཉེན་སྲུང་སྐྱོབ་ཚོགས་པའི་ཚོགས་གཙོ་བོད་མི་བསྟན་འཛིན་བསམ་འཕེལ་གྱིས། ༢༠༠༨ ལོའི་བོད་ནང་གི་དམ་དྲག་སྐོར་གསལ་བཤད་བྱས་པ་དང། དེ་བཞིན་རྒྱ་ནག་གཞུང་གིས་ད་སྐབས་བོད་ནང་ཕྱི་མི་ནང་དང་ནང་མི་ཕྱིར་འགྲོ་མ་བཅུག་པར་བོད་ལ་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་འགྲོ་རྒྱུ་སོགས་ལ་དམ་དྲག་གིས་བོད་སྒོ་བརྒྱབ་པ་ཐེངས་གཉིས་པ་ཆགས་ཡོད་སྐོར་འགྲེལ་བཤད་བྱས་འདུག །
བོད་མིའི་སྒྲིག་འཛུགས་དྲ་བ་ནས་བསྡུ་སྒྲིག་བྱས།