རྒྱ་ནག་གིས་ཡར་ཀླུང་གཙང་པོ་ཁ་སྒྱུར་པའི་འཇིགས་སྐྲག
གནས་ཚུལ་དེ་ནི་ཉེ་ཆར་གསར་ལམ་ཁག་གི་ནང་དུ་རྒྱ་ནག་གིས་ཡར་ཀླུང་གཙང་པོ་དེ་ཁ་བསྒྱུར་གྱིི་ལས་གཞི་ལག་བསྟར་བྱེད་ཀྱི་ཡོད་པའི་སྐོར་ཐོན་པ་ལས་བྱུང་བ་ཞིག་ཡིན་པ་དང། ཡར་ཀླུང་གཙང་པོ་ལ་རྒྱ་གར་ས་ཐོག་དུ་བྲ་ཧ་མ་པུ་ཏྲཱ་རུ་གྲགས་ཤིང། ཕྱི་ལོ་ ༢༠༠༩ ནང་རྒྱ་ནག་གིས་དེའི་ཐོག་ལས་གཞི་སྤེལ་བའི་ལས་འཆར་རྣམས་ཐག་གཅོོད་བཟིན་ཡོད་འདུག ཡིན་ནའང་གཙང་ཆུ་ཁ་བསྒྱུར་གྱིི་ལས་འཆར་རྣམས་བཏོན་ཡོད་ཀྱང་དེ་དག་གི་ཐོག་ལས་གཞི་བརྩམ་འགོ་འཚུགས་ཟིན་པའི་གནས་ཚུལ་ཤེས་རྟོགས་བྱུང་མེད་པ་རེད། གལ་ཏེ་གཙང་ཆུ་དེའི་ཁ་ཕྱོགས་བསྒྱུར་པ་ཡིན་ན་རྒྱ་གར་དང་བྰང་ལ་དྰེཥ་གཉིས་ཀྱི་ཞིང་པའི་ཐོན་སྐྱེད་ལ་གྱོང་གུད་ཆེན་པོ་ཕོག་རྒྱུ་ཡིན་པ་དང་། རྒྱ་གར་གཞུང་འབྲེལ་མི་སྣས་བརྗོད་གསལ་ལྟར་ན་ད་ལྟ་བར་དུ་རྒྱ་ནག་གིས་ཡར་ཀླུང་གཙང་པོའི་ཁ་ཕྱོགས་བསྒྱུར་ཡོད་པའི་དཔང་རྟགས་གང་ཡང་མིན་འདུག་ཅེས་དང། བོད་ནང་གི་ཟངས་མུ་ཞེས་ས་ཁུལ་དེར་གཙང་པོ་དེའི་ཐོག་ཆུ་རགས་ཆེ་བ་ཞིག་དང་དེའི་ཉེ་འཁོར་དུ་ཡོད་པའི་ཆུ་ཕྲན་ཁག་གི་ཐོག་ལ་ཆུ་རགས་ཆུང་ཆུང་འགའ་བརྒྱབ་འདུག་ཅེས་གསུངས་ཡོད་པ་རེད།
ཨ་སྰམ་མངའ་སྡེའི་བློན་ཆེན་ཏ་རྰུན་གོ་གོ་ཨིས་གསུངས་ན། ཁོང་གིས་རེ་གཟའ་ཕུར་བུ་ཉིན་རྒྱ་གར་ཕྱི་སྲིད་བློན་ཆེན་སྐུ་ཞབས་ཀྲིཥ་ཎ་མཆོག་དང་མཇལ་འཕྲད་ཀྱིས་གནས་ཚུལ་དེའི་ཐོག་བཀའ་བསྡུར་བྱེད་སྐབས་སྐུ་ཞབས་ཀྲིཥ་ཎ་མཆོག་གིས་དེ་ནི་བདེན་པ་མིན་པ་དང་། རྒྱ་གར་གྱིས་དེའི་ཐོག་མཁའ་དབྱིངས་ནས་ལོ་གསུམ་གོང་ནས་རྟོགས་ཞིབ་བྱེད་བཞིན་པ་ཡིན་ཞེས་ཁས་ལེན་གནང་བྱུང་ཞེས་གསུངས་ཡོད་པ་རེད།
སྐུ་ཞབས་ཀྲིཥ་ཎ་མཆོག་གིས་མངའ་སྡེའི་བློན་ཆེན་ཏ་རྰུན་གོ་གོ་ཨི་དང་གྲོས་བསྡུར་བྱེད་པའི་རྗེས་གསར་བགོད་པ་ཚོར་གསུང་དོན། བོད་ནང་གི་ཡར་ཀླུང་གཙང་པོའི་ཐོག་ལས་གཞི་ཁག་ལག་བསྟར་བྱས་ཡོད་པ་དེ་རྣམས་ནི་ཆུ་གློག་གི་ཆུ་རགས་བརྒྱབ་ཡོད་པ་ལས། གཙང་ཆུའི་ཁ་སྒྱུར་པའི་ལས་གཞི་གང་ཡང་ལག་བསྟར་བྱས་མེད་པ་རྒྱ་ནག་གིས་ཁས་ལེན་བྱུང་ཞེས་གསུངས་ཡོད་པ་རེད། དེར་བརྟེན་ངས་སྙིང་ཐག་པ་ནས་ཨ་སྰམ་དང་ཨ་རུ་ན་ཅྰལ་མངའ་སྡེ་གཉིས་ཀྱི་གཞུང་ལ་བསམ་འཆར་འདོན་པ་ནི་དབུས་གཞུང་གི་འཆར་འགོད་ལྷན་ཁང་དང་གྲོས་བསྡུར་གྱིས་ལས་འཆར་བཏོན་ཏེ་གཙང་པོ་དེའི་ཆུ་ལོངས་སུ་སྤྱོད་པའི་ཐོག་སོ་སོའི་ཡུལ་མི་རྣམས་ལ་ཁེ་ཕན་གང་ཆེ་རག་པའི་ཐབས་ཤེས་དགོས་ཞེས་བརྗོད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།།