ཏཱ་ལའི་ཡི་རྒན་ཡོལ་ཞེས་པ་ནི་ཁ་བཤད་ཙམ་ཡིན་པ།
ཁྱབ་བསྒྲགས་དེར་བལྟས་ན། དེ་ནི་ཕལ་ཆེར་ཏཱ་ལའི་ཡི་རྒན་ཡོལ་ཞུས་པ་ཞེས་པ་ཡིན་རྒྱུ་རེད། དེའི་གོང་ལ་ཁོས་འགེབས་སྲུང་ངམ་ཡང་ན་ངོ་ཚ་དང་ཁ་སྐྱེངས་པའི་སྒོ་ནས་རྒན་ཡོལ་སྐོར་གླེང་བའམ་ཡང་ན་དེ་གླེང་སྐབས་ཤུགས་ཆེན་པོས་འུད་བརྗོད་དང་བཅས་འཁྲབ་སྟོན་སྣ་ཚོགས་བྱས་མྱོང་པས། དེའི་སྐོར་ལ་མི་མང་པོ་སྤྲོ་བ་མེད་པར་གྱུར་ཡོད་པའི་ཡིད་ཆེས་ཡོད།
དེས་ན་ཏཱ་ལའི་ཡིས་དངོས་གནས་རྒན་ཡོལ་བྱས་ཟིན་པ་ཡིན་ནམ་ཞེ་ན།
མེད་དེ། ཏཱ་ལིའི་ཡིས་རྒན་ཡོལ་ཞུས་མེད་པ་རེད། རྒན་ཡོལ་ཞེས་པ་དེ་ནི་རང་གིས་བསྒྲིགས་ཤིང་རང་བརྩམས་རང་འཁྲབ་བྱས་པའི་བཞད་གད་སློང་བའི་ཟློས་གར་ཙམ་ཁོ་ན་རེད། ཏཱ་ལའི་ཡིས་བཤད་བཞིན་པའི་རྒན་ཡོལ་ཞེས་པ་ནི་རང་གི་ཆབ་སྲིད་འགན་ཁུར་དེ་བཙན་བྱོལ་བོད་གཞུང་གིས་བདམས་པའི་མགོ་ཁྲིད་ལ་སྤྲད་པ་དེ་ཡིན་ཞིང་། དབང་ཆ་ཚེ་སྲོག་ལས་ཀྱང་གཅེས་པར་འཛིན་པའི་བླ་རྒན་འདིས་སླར་ཡང་འཛམ་གླིང་གི་གར་སྟེགས་སྟེང་འཛམ་གླིང་མི་དམངས་ལ་མགོ་སྐོར་གཏོང་ཞིང་། འཛམ་གླིང་སྨྱན་སྦྱོར་ཁག་ལ་མགོ་གཡོག་པའི་ཟློས་གར་ཞིག་འཁྲབ་པ་རང་རེད།
སྨྱུག་ཐོགས་པས་འདོད་པར། ཏཱ་ལའི་ཡིས་ཟློས་གར་འདི་འདྲ་འཁྲབ་པའི་རྒྱུ་མཚན་ནི་༢༠༠༨ལོར་ཏཱ་ལའི་ཚོགས་ཁག་གིས་ལྷ་སའི་༣·༡༤རྡུང་འཕྲོག་སྲེག་གསུམ་གྱི་དྲག་ཤུགས་ཁྲིམས་འགལ་དོན་རྐྱེན་ཚབས་ཆེན་བསླངས་རྗེས། དོན་རྐྱེན་དང་ཤོད་སྟངས་འདྲ་མིན་ལ་བརྟེན་ནས་འཛམ་གླིང་གི་མིག་དབང་འགུགས་ཐབས་བྲལ་བས་ཡིན་ཞིང་། ལོ་༧༥ལ་སླེབས་པའི་བླ་རྒན་འདིས་རང་ཉིད་ཀྱིས་མི་ཚེ་གང་བོར་འབད་པ་བྱས་པའི་མཚན་སྙན་གྲགས་དེ་བློས་བཏང་ཞིང་། ཀུན་གྱིས་དོགས་པ་ཟ་བའི་བྱ་སྤྱོད་འདིར་བརྟེན་ནས་འཛམ་གླིང་གི་དོ་སྣང་བྱེད་ཐབས་བྱས་པ་རེད།
ཏཱ་ལའི་བླ་མས་རྒན་ཡོལ་ཞུ་བའི་བརྒྱུད་རིམ་ལ་དོ་སྣང་ཅུང་ཙམ་བྱས་ན། ང་ཚོས་ཁོས་དེའི་ཐད་བསམ་བློ་ཡང་ཡང་བཏང་བ་རྟོགས་སླ། ན་ནིང་གི་ཟླ་༡༡པར། སྲིད་དོན་ལ་དོ་ཁུར་མི་བྱེད་ཅེས་བཤད་མྱོང་བའི་བླ་རྒན་འདིས་ཟླ་དྲུག་ནང་རྒན་ཡོལ་ཞུས་ནས་བློ་གཅིག་སེམས་གཅིག་གིས་ཆོས་སྒྲུབ་རྒྱུ་ཡིན་པའི་སྐོར་ཕྱི་ཕྱོགས་སུ་བསྒྲགས་ཤིང་། ད་ལོའི་ཟླ་དང་པོར་ཁོས་ཡང་བསྐྱར་རྒན་ཡོལ་ཞུ་དགོས་པའི་རེ་ཞུའི་ཡི་གེ་བྲིས་ཡོད་མོད། ཡིན་ནའང་ཟླ་༣ཚེས་༡༦ཉིན་ལ་སླེབས་དུས་བཙན་བྱོལ་བོད་གཞུང་གི་རྒྱལ་སྲིད་ལས་ཁུངས་དང་གྲོས་ཁང་བར་ཏཱ་ལའི་བླ་མས་རྒན་ཡོལ་ཞུ་བའི་ཡི་གེར་ཆོག་མཆན་འགོད་མིན་ཐད་འགལ་བ་ཚབས་ཆེན་བྱུང་ཞིང་། གྲོས་ཁང་གི་གྲོས་མི་མང་ཆེ་བ་རྒན་ཡོལ་ཞུ་བའི་ཐད་འཐད་པ་མ་བྱུང་བ་རེད། ཉིན་དེར་ ཐེ་གོའི་《མི་རིགས་ཚགས་པར་》གྱིས་ཏཱ་ལའི་ལ་བཅར་འདྲི་བྱས་པའི་རྩོམ་ཡིག་ནང་ཏཱ་ལའི་ཡིས་ལོ་༤༠སྔོན་ལ་མོ་འདེབས་སྐབས་རང་ཉིད་ལ་ལོ་༡༡༣གྱི་ཚེ་ཡོད་ཅིང་། ལོ་༡༠༠ཙམ་གོང་གི་བོད་ཡིག་དཔེ་དེབ་ཅིག་གི་ནང་དུའང་ལོ་༡༡༣ཙམ་གྱི་ཚེ་ཚད་ཡོད་པའི་མི་ཞིག་འཇིག་རྟེན་འདིའི་སྟེང་ཡོད་པའི་སྐོར་བྲིས་ཡོད་པ་དེ་རང་ཉིད་ཡིན་པའི་སྐོར་བརྗོད་པ་བཀོད་ཡོད་པ་རེད། བཙན་བྱོལ་བོད་གཞུང་གི་གྲོས་ཁང་གི་གྲོས་མི་ཞིག་གིས་བཙན་བྱོལ་བོད་གཞུང་ནི་ཏཱ་ལའི་ལ་བརྟེན་ནས་ཡོད་ཅིང་། ཏཱ་ལའི་མེད་ན་རྒྱལ་ནང་གི་བོད་པ་ཚོས་བཙན་བྱོལ་བོད་གཞུང་ཁས་མི་ལེན་པའི་སྐོར་བརྗོད་ཡོད། གཞན་དབྱིན་ཇི་ཡི་《རྒར་ཏེན་ཚགས་པར་》(The Guardian )སྟེང་ཏཱ་ལའི་ཡིས་རང་ཉིད་ཀྱིས་རྒན་ཡོལ་ཞུ་བའི་འདོད་ཚུལ་བརྗོད་རྗེས་བོད་མི་རྣམས་ཀྱིས་རྒན་ཡོལ་མི་ཞུ་བའི་རེ་བ་ཤུགས་དྲག་བཏོན་ཡོད་པའི་སྐོར་བཀོད་འདུག
འདི་དག་ཚང་མས་ཏཱ་ལའི་ཡི་རྫུན་གཏམ་བརྟོལ་ཡོད་ཅིང་། ཁོའི་ཐེངས་འདིའི་རྒན་ཡོལ་ཞུ་བ་ཞེས་པ་ནི་མི་རྣམས་ལ་མགོ་སྐོར་གཏོང་བའི་ཆབ་སྲིད་ཀྱི་ཐབས་ཤེས་ཤིག་ལས་གཞན་ཅི་ཡང་མིན་ལ། དབང་ཆ་ལ་ཤིན་ཏུ་དགའ་བའི་བླ་རྒན་འདིས་བཤད་པའི་གཏམ་དག་ཀྱང་དོན་དངོས་སུ་རྒན་ཡོལ་མི་ཞུ་བའི་ཆེད་ཡིན་པ་དང་། མུ་མཐུད་དུ་བཙན་བྱོལ་བོད་གཞུང་གི་དབང་ཆ་དངོས་འཛིན་པར་རྨང་འདིང་ཆེད་རེད། འཇར་མན་གྱི་《སྐར་མ་འོད་ཆེན་》དུས་དེབ་སྟེང་བཀོད་པ་ལྟར། ཏཱ་ལའི་ནི་དབྱི་ཐ་ལའི་གོ་ལྷམ་གྱོན་ཞིང་། འཛམ་གླིང་ལ་སྐོར་བ་རྒྱག་པའི་ཆབ་སྲིད་ལ་མོས་སྤྲོ་ཆེན་པོ་ཡོད་པའི་བླ་རྒན་ཞིག་རེད། དུས་དེབ་འདིའི་འདོད་ཚུལ་ལ་ཏཱ་ལའི་ཡི་རྒན་ཡོལ་ནི་ཁ་བཤད་ཙམ་ཡིན་པ་རེད།
དོན་དངོས་ཀྱང་དངོས་གནས་དེ་འདྲ་རང་རེད། ཉེ་ལམ་བྱུང་བའི་དོན་མི་ཉུང་བ་ལས་མཐོང་ཐུབ་པ་ནི་ཏཱ་ལའི་ཡི་རྒན་ཡོལ་ནི་ཁ་བཤད་ཙམ་དང་། ཁོས་སྔར་བཞིན་ཆོས་ལུགས་ལ་ཁ་གཡར་ནས་རྒྱལ་ཁབ་ཁ་བྲལ་གཏོང་བའི་བྱ་སྤྱོད་སྤེལ་བཞིན་ཡོད་པ་རེད། དཔེར་ན་ཏཱ་ལའི་རྗེས་ཀྱི་དུས་རབས་སླེབས་པ་དང་བསྟུན་ནས་ཁོའི་ཚོགས་ཁག་ནང་སྲིད་དབང་འཕྲོག་རྩོད་ཀྱི་རྣམ་པ་ཉིན་རེ་བཞིན་ཛ་དྲག་ཏུ་འགྱུར་བཞིན་ཡོད་ལ། བོད་ཀྱི་གཞོན་ནུ་ཚོགས་པ་དང་བོད་ཀྱི་བུད་མེད་ཚོགས་པར་ཉེ་བའི་ལོ་ཤས་རིང་སྟོབས་ཤུགས་ངེས་ཅན་ལྡན་ཞིང་། ཏཱ་ལའི་ཚོགས་ཁག་བར་དང་ཁ་བྲལ་བའི་རྟགས་མཚན་མངོན་ཡོད་པ་རེད། ནང་ཁུལ་གྱི་གནས་སྟངས་བརྟན་ལྷིང་ཡོང་ཆེད། ཁོ་ཅི་བྱ་གཏོལ་མེད་དུ་གྱུར་ནས་ཕྱི་ཚུལ་སྟེང་རྒན་ཡོལ་མི་ཞུ་རང་ཞུ་བྱུང་བ་རེད། ཡིན་ནའང་ཕྱི་ཕྱོགས་སུ་སྔར་བཞིན་ཡུལ་གྱར་བོད་མིའི་བསམ་པའི་དད་དཔོན་ཡིན་ཞེས་བསྒྲགས་ཤིང་དེར་བརྟེན་ནས་མུ་མཐུད་དུ་བཙན་བྱོལ་བོད་གཞུང་ལ་ཚོད་འཛིན་བྱས་ནས་དོན་དངོས་སུ་རྒན་ཡོལ་མི་ཞུ་བའི་དམིགས་ཡུལ་འགྲུབ་ཐབས་བྱེད་ཀྱི་ཡོད། ཡང་དཔེར་ན། ཏཱ་ལའི་ཡིས་མེས་རྒྱལ་ཁ་བྲལ་གཏོང་བའི་རེ་ངན་སྒྲུབ་པའི་གོ་རིམ་ཁྲོད་མུ་མཐུད་དུ་འཛམ་གླིང་གྲགས་ཅན་མི་སྣའི་བྱེད་ནུས་འདོན་ཆེད། རྒན་ཡོལ་ཞུ་བའི་གནས་ཚུལ་བསྒྲགས་རྗེས་ཀྱང་ནུབ་ཕྱོགས་རྒྱལ་ཁབ་ཁག་བར་འཁྱམ་བཞིན་ཡོད།
འདི་དག་ཚང་མས་གསལ་བཤད་བྱས་ཡོད་པ་ཞིག་ནི། ཁ་ནས་རྒན་ཡོལ་ཞེས་བཤད་པའི་ཏཱ་ལའི་ཡིས་དོན་དངོས་སུ་བཙན་བྱོལ་བོད་གཞུང་གི་མགོ་ཁྲིད་དབང་ཆ་དམ་པོར་བཟུང་ཡོད་ལ། རྒན་ཡོལ་ནི་ཁ་གཡར་ས་ཁོ་ན་ཞིག་ཡིན་པ་དང་། མུ་མཐུད་དུ་རྒྱལ་ཁབ་ཁ་བྲལ་གཏོང་བའི་བྱ་འགུལ་སྤེལ་གྱི་ཡོད། ཧྥ་རན་སིའི་《ཉ་ཆེན་ཧྲ་ཡུས་ཚགས་པར་》ཞེས་པའི་སྟེང་འདི་ལྟར། ཆབ་སྲིད་དགོངས་ཞུ་ཞེས་པ་ནི་མཚོན་བྱེད་རང་བཞིན་གྱི་བཤད་སྟངས་ཙམ་ཡིན་ཞིང་། ཕྱི་རྒྱལ་གྱི་སྲིད་གཞུང་རྣམས་ཀྱིས་ཆབ་སྲིད་ཀྱི་མགོ་ཁྲིད་ཡིན་པའི་ཏཱ་ལའི་དང་འབྲེལ་འདྲིས་བྱེད་པར་གཡོལ་ཐབས་བྱེད་ཀྱི་ཡོད། རྒན་ཡོལ་ཞུས་རྗེས་ཕྱི་རྒྱལ་གྱི་སྲིད་གཞུང་རྣམས་ཀྱིས་ཏཱ་ལའི་དང་འབྲེལ་བ་འཛུགས་པར་སྔར་བས་སྟབས་བདེ་བ་རེད་ཅེས་བཀོད་ཡོད་ལ། དེ་ལས་མཐོང་ཐུབ་པ་ནི་རྒན་ཡོལ་ཁ་བཤད་ཙམ་ཡིན་པའི་ཏཱ་ལའི་ཡིས་མུ་མཐུད་དུ་ཕྱི་རྒྱལ་བ་རྣམས་དང་ངན་འབྲེལ་བྱས་ནས་མུ་མཐུད་དུ་ཤི་རག་བར་དུ་རྒྱལ་ཁབ་ཁ་བྲལ་གཏོང་བའི་བྱ་འགུལ་སྤེལ་རྩིས་ཡོད་པས། ཞི་བདེ་ལ་དགའ་བའི་མི་རྣམས་ཀྱིས་ཆོས་ལུགས་ཀྱི་ཕྱི་གོས་གྱོན་པའི་བླ་རྒན་གྱི་བྱ་སྤྱོད་ལ་དོགས་ཟོན་བྱེད་འོས་ཤིང་། ཁོའི་རྫུན་གཏམ་གྱི་འོག་ཏུ་མི་ཚུད་པར་འཛེམ་དགོས།
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ཁྲུན་ཧྥེང་། སྤེལ་དུས། 2011-06-17