མདོ་ཁམས་ཆུ་བཞི་སྒང་དྲུག་དབུ་བརྙེས་ནས་ལོ་༥༣

མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཞྭ་སེར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་ཤར་བ་ཆོས་རྗེ་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་དང་། གདན་ས་ཆེན་པོ་འབྲས་སྤུངས་ཁྲི་བ་རིན་པོ་ཆེའི་གཙོས་དགའ་འབྲས་གཉིས་ཀྱི་མཁན་པོ་ལས་ཐོག་དང་མཁན་ཟུར།  བོད་མི་མང་སྤྱི་མཐུས་རྣམ་པ་དགུ་དང་། མོན་གྷོ་ས་འཐུས་ཚོགས་གཞོན་དང་ས་གནས་འགོ་འཛིན། མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་རྒྱུན་དང་དབུས་རྒྱུན་ཟུར་རྣམ་པ། ཆུ་སྒང་ས་གནས་ཁག་གིས་འཐུས་མི་རྣམ་པ། གཞན་ཡང་མོན་གྷོ་ས་གནས་གཙོས་ས་གནས་ཁག་ནས་སེར་སྐྱ་མི་མང་ཉིས་སྟོང་ལ་ཉེ་བ་འདུ་འཛོམས་བྱུང་ཡོད་པ་རེད།

དེ་ཡང་ཐོག་མར་སྐུ་མགྲོན་གཙོ་བོ་རྣམས་ནས་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དུང་རྒྱ་སྤོས་སྣེས་སྔོན་བསུས་ཏེ་བཞུགས་ཁྲིར་གདན་འདྲེན་ཞུས་རྗེས། སྐུ་མགྲོན་གཙོ་བོ་རྣམ་པས་མཇལ་དར་སྒྲོན་འབུལ་དང་། སྐུ་མགྲོན་གཙོ་བོ་ཤར་པ་ཆོས་རྗེ་མཆོག་ནས་ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་ཀྱི་སྐུ་པར་མདུན་དུ་སྣང་གསལ་མར་མེ་ཞལ་འབྱེད་གནང་། ཚོགས་བཅར་ཡོངས་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་བཏང་རྗེས། བོད་བསྟན་སྲིད་དང་མི་རིགས་བཅས་ཀྱི་དོན་དུ་རང་སྲོག་བློས་བཏང་ཟིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་རྗེས་དྲན་དང་མྱ་ངན་གུས་འདུད་ཞུས་ཡོད་པ་རེད།

chuchu saguk 2011  6  16 1ཆུ་སྒང་དབུས་རྒྱུན་ཚོགས་གཙོ་སྨར་ཁམས་ཆོས་འཕེལ་ལགས་ཀྱིས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དུས་དྲན་ངོ་སྤྲོད་དང་གསུང་འཕྲིན་སྒྲོགས་སྦྱང་གནང་། སྐུ་མགྲོན་གཙོ་བོ་ཞྭ་སེར་བསྟན་པའི་གསལ་བྱེད་ཤར་བ་ཆོས་རྗེ་རིན་པོ་ཆེ་མཆོག་གིས་དུས་དྲན་དང་འབྲེལ་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭངས་བླངས་དམག་གི་སྒྲིག་འཛུགས་ཀྱི་བྱུང་རབ་ངོ་སྤྲོད་དང་ལམ་སྟོན་བཀའ་སློབ་གནང་དོན།  མདོ་ཁམས་ཆུ་བཞི་སྒང་དྲུག་ནི་དུས་སྐབས་གཉན་འཕྲང་ཅན་ཞིག་གི་སྐབས་སུ་དབུ་ཚུགས་ནས་ཨ་འབྲུག་མགོན་པོ་བཀྲིས་གཙོས་མདོ་ཁམས་དཔའ་བོ་རྣམས་ཀྱི་སོ་སོའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་ཐོག ༧གོང་ས་མཆོག་གི་གཙོས་ཆོས་བརྒྱུད་ཁག་གི་བླ་ཆེན་ཡོངས་རྒྱ་གར་དུ་གདན་འདྲེན་ཞུ་ཐུབ་པ་སོགས་ཀྱི་མཚོན་པའི་རླབས་ཆེན་གྱི་མཛད་རྗེས་བཞག་ཡོད་པ་ཞིག་རེད། དེ་ཡང་སྒྲིག་འཛུགས་སོ་སོའི་དམིགས་ཡུལ་ཞིག་གི་ཆེད་དུ་ལངས་ཕྱོགས་གང་བཟུང་བ་དེ་འདོད་དོན་མ་འགྲུབ་བར་དུ་ལངས་ཕྱོགས་དེ་སྲ་བརྟན་འཛིན་དགོས་པ་ཞིག་དང་། སྤྱིར་བཏང་ང་ཚོའི་རྩ་བའི་དོན་དག་དེ་བོད་ལ་ལོག་རྒྱུ་དེ་རེད། ང་ཚོར་མུ་གེ་བྱུང་བ་དང་ཆུ་ལོག་བརྒྱབ་ནས་འདིར་ཡོང་བ་མིན་པར། སོ་སོའི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཆེད་དུ་ཡོང་བ་ཞིག་རེད། དེ་ལྟ་ཡང་ཆོལ་གསུམ་དམ་ཚིག་རྡོག་རྩ་གཅིག་སྒྲིལ་ཐོག་༧གོང་ས་མཆོག་གདན་ཞུས་ཀྱི་རང་གི་ལུང་པ་ལ་ལོག་རྒྱུ་དེ་ཐོག་མའི་དམིགས་ཡུལ་རེད་དྲན་གྱི་ཡོད་ཅེས་གསུངས་སོང་།

དེ་བཞིན་མདོ་ཁམས་ཆུ་སྒང་བསྟན་སྲུང་དྭངས་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་ལོ་ངོ་༥༣ འཁོར་བའི་དུས་དྲན་གྱི་ཡོངས་ཁྱབ་གསུང་འཕྲིན་སྒྲོགས་སྦྱང་དང་འགྲེམས་སྤེལ་གནང་བའི་ནང་འཁོད་དོན། ང་ཚོ་བོད་དང་བོད་མིའི་འཐབ་རྩོད་ཀྱི་རྨང་གཞི་མི་འགྱུར་བའི་སྒོ་ནས་ད་བར་མདོ་ཁམས་ཆུང་བཞི་སྒང་དྲུག་གི་སྒྲིག་འཛུགས་འདིའི་ཐོག་ནས་བོད་དོན་བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་སྐབས་སུ་བབ་པའི་གྲོས་ཆོད་རིམ་པར་བཞག་པ་རྣམས་ཀྱི་འབྲུ་དོན་དང་། ལྷག་པར་༧གོང་ས་༧སྐྱབས་མགོན་ཆེན་པོའི་བཀའ་དགོངས་དང་མི་འགལ་བའི་བྱེད་ཐབས་འཛིན་རྒྱུ་ནི་གསོན་པོར་གནས་པའི་མདོ་ཁམས་སེར་སྐྱ་མཆོག་དམན་ཡོངས་ཀྱི་ཐུགས་ལ་འཇོག་དགོས་པ་ཞིག་ཡིན་ཞེས་དང་། མུ་མཐུད་འཁོད་དོན། འཚར་ལོངས་འབྱུང་བཞིན་པའི་དེང་རབས་གཞོན་སྐྱེས་རྣམས་ལ་ཕ་མེས་ཀྱི་སེམས་ཤུགས་དང་དམིགས་ཡུལ་ལག་རྗེས་སོགས་ཇི་བཞིན་རྒྱུན་འཇགས་གནས་ཐབས་དགོས་པའི་ངོ་སྤྲོད་དང་དྲན་གསོ་བྱ་རྒྱུ་ནི་ང་ཚོའི་འོས་འགན་འདོར་དུ་མི་རུང་བ་ཞིག་ཡིན་པ་དང་། དེ་ཡང་མ་འོངས་བོད་ཀྱི་བདེན་མཐའ་མ་གསལ་བའམ་མངོན་དུ་མ་གྱུར་བར་དུ་བོད་མིའི་བདེན་དོན་འཐབ་རྩོད་ཀྱི་ལས་དོན་གཞིས་བྱེས་བོད་མིའི་བདེ་སྡུག་མཉམ་ཁུར་དང་། འདུན་པ་གཅིག་གྱུར་གྱི་ལྷག་བསམ་གཡོ་བ་མེད་པར་རྒྱུན་གནས་ཐུབ་པའི་ལོ་རྒྱུས་ཀྱི་དུས་རིམ་མི་རབས་རྗེས་མར་བརྒྱུད་སྤྲོད་བྱེད་ཐུབ་དགོས་པའི་དུས་ཚིགས་ཤིག་ཀྱང་ཡིན། དེ་བཞིན་ང་ཚོ་བོད་མི་འདས་གསོན་ཡོངས་ཀྱི་ཡིད་ལ་བརྣགས་པའི་འདོད་དོན་མ་འགྲུབ་བར་མི་རབས་རྒྱུད་འཛིན་གྱིས་རྒྱ་བོད་བར་གྱི་བདག་དབང་བདེན་པའི་རྩོད་གཞི་འགྱུར་མེད་ཡིད་ཡུལ་ནས་མ་བརླགས་པར་གནས་ཐུབ་པ་བྱ་རྒྱུ་ནི་ང་ཚོའི་འོས་འགན་ངོ་མ་དེ་ཡིན་ཅེས་སོགས་འཁོད་ཡོད་པ་རེད།།

མོན་གྷོ་གསར་འགོད་པས།