བལ་ཡུལ་བོད་མིའི་སྤྱི་ཁྱབ་འབྲེལ་མཐུད་པར་བསྐོས་པ།

ཕྱི་ཚེས་ ༡༧ ཉིན་གྱི་སྔ་དྲོ་བལ་ཡུལ་བོད་མིའི་སྤྱི་ཁྱབ་འབྲེལ་མཐུད་ཁང་དུ་སྤྱི་ཁྱབ་པ་གསར་པ་གཅིག་བསྐོ་བཞག་བྱས་པར། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་མི་སྣ་གཙོ་གྲས་རྣམས་ལྷན་འཛོམས་ཐོག རྟེན་འབྲེལ་མཛད་སྒོ་སྟབས་བདེ་ཞིག་ཚོགས་སྐབས་ད་སྔའི་སྤྱི་ཁྱབ་འབྲེལ་མཐུད་པ་སྐུ་ཞབས་འཕྲིན་ལས་རྒྱ་མཚོ་ལགས་ནས་བཀའ་ཤག་གིས་གནང་བའི་འབྲེལ་མཐུད་པ་བསྐོ་བཞག་གི་ཡིག་ཆ་བསྒྲགས་ཡོད་པ་རེད། བསྐོ་བཞག་ཡིག་ཆའི་ནང་འཁོད་དོན། འཕྲིན་ལས་བླ་མ་སྐུ་ཉིད་སྔ་ལོར་ལྡི་ལིར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཞལ་མཇལ་སྐབས་ཇི་ལྟར་ཁས་ལེན་གནང་དོན་བཞིན། ད་ཆ་བལ་ཡུལ་དོན་ཁང་དུ་སྐུ་ཉིད་དྭངས་བླངས་བཙན་བྱོལ་བོད་མིའི་འབྲེལ་མཐུད་པར་བསྐོ་བཞག་གནང་བ་ཡོད་པ་ལྟར། གང་མྱུར་མཛད་ཁུར་འགོ་འཛུགས་གནང་དགོས་ཐོག རྩ་བའི་ལས་དོན་སྐོར་འབྲེལ་ཡོད་གོང་རིམ་ནས་ལམ་སྟོན་ཡོང་རྒྱུར་ཡང་ལས་བྱེད་དང་། ཁྲིམས་རྩོད་པ། དེ་བཞིན་ལས་དོན་གནང་དགོས་ཇི་ཡོད་མཆར་གཞི་དང་། དངུལ་རྩིས་བཅས་གང་མྱུར་བཀའ་ཤག་ལ་བཀའ་ཁྲོལ་ཆེད་འབུལ་དགོས། དེ་ལྟར་བལ་དོན་དུ་ཕྱག་ལས་འགོ་འཛུགས་གནང་ཉིན་ནས་ལོ་གསུམ་རིང་བལ་ཡུལ་དོན་ཁང་དུ་དྭངས་བླངས་བཙན་བྱོལ་བོད་མིའི་འབྲེལ་མཐུད་པར་བསྐོ་བཞག་བྱས་བ་ཡིན་ཞེས་འཁོད་པ་ཡོད་པ་དང་། ད་དུང་མཚན་དོད་དང་ལས་དོད་བལ་སྒོར་སྟོང་ཕྲག་ཉི་ཤུ་ལྷག་ཡོད་ཚུལ་བཅས་འབྲེལ་ཡོད་ཡིག་ཆ་ཁག་ཀྱང་ཚོགས་ཐོག་ནས་སྒྲོགས་སྦྱང་གནང་སོང་།

trinley lama1དེའི་རྗེས་བལ་ཡུལ་བོད་མིའི་སྤྱི་ཁྱབ་འབྲེལ་མཐུད་པ་གསར་པ་འཕྲིན་ལས་བླ་མ་ལགས་ནས་གསུང་དོན། ངས་ལུས་ངག་ཡིད་གསུམ་༧གོང་ས་མཆོག་ལ་ཕུལ་ཡོད། བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བ་རྣམས་ལ་འཕྲད་བཞིན་པའི་དཀའ་ངལ་ཁག་སེལ་ཐབས་ལ་སྣ་མང་གི་ནུས་པ་འདོན་དགོས་པ་དང་། དེའི་ཐད་ང་རང་གིས་དྭངས་བླངས་བྱས་ནས་༧རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་ཇི་བཞིན་བསྒྲུབ་རྒྱུ་དང་བཀའ་ཤག་གི་ལམ་སྟོན་འོག་རང་ནུས་གང་ཡོད་བྱེད་རྒྱུ་ཡིན་པས་གཙོ་བོ་བོད་མི་ཚོའི་རྒྱབ་སྐྱོར་དང་མཉམ་རུབ་གལ་ཆེ་བ་སོགས་ཀྱི་སྐོར་བརྗོད་ཡོད་པ་རེད།

དེ་ལྟར་འཕྲིན་ལས་རྒྱ་མཚོ་ལགས་ནས་བཀའ་ཤག་གི་ལམ་སྟོན་གཞིར་བཟུང་མུ་མཐུད་སྤྱི་ཁྱབ་དྲུང་ཆེ་མཚན་ཐོག་འབྲེལ་མཐུད་པ་གསར་པ་འཕྲིན་ལས་བླ་མ་དང་ལྷན་དུས་ཡུན་ངེས་མེད་རིང་མཉམ་ལས་གནང་རྒྱུ་ཡིན་པ་རེད་འདུག

བལ་ཡུལ་བོད་མིའི་སྤྱི་ཁྱབ་འབྲེལ་མཐུད་པ་གསར་པ་འཕྲིན་ལས་བླ་མ་ཁོང་ནི་བལ་ཡུལ་ཤར་ཕྱོགས་མཐའ་མཚམས་རྭ་སོའི་ཝ་རྫོང་ཁོངས་ནས་སྐྱེས་བའི་བལ་ཡུལ་གྱི་ཡུལ་མི་ཡིན་པ་དང་། ད་བར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཁག་ནང་ཕྱག་ལས་གནང་མྱོང་མེད་ན་ཡང་། བལ་ཡུལ་བོད་མིའི་གནས་སྟངས་ཁག་གང་འཚམས་རྒྱུས་མངའ་ཡོད་པ་རེད་འདུག །