དཀར་མཛེས་རྫོང་ཐོག་ཏུ་ཞི་རྒོལ་དང་འཛིན་བཟུང་།
སེར་བྱེས་གྲྭ་པདྨ་ཚེ་དབང་ནས་གནས་ཚུལ་བཏང་བའི་ནང་འཁོད་དོན། ཟླ་འདིའི་ཚེས་ ༡༨ ཉིན་བོད་ནང་ཞོགས་པ་ཆུ་ཚོད་དྲུག་པ་ཙམ་ཞིག་ལ་ཁམས་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ། བཀྲ་ཤིས་དར་རྒྱས་དགོན་གྱི་ཉེ་འཁོར། ཉ་རྒྱས་དགོན་གྱི་བཙུན་མ་བློ་བཟང་དབྱངས་མཚོ་དང་། བློ་བཟང་མཁའ་འགྲོ། འཕྲིན་ལས་སྒྲོལ་མ་གསུམ་གྱིས་དཀར་མཛེས་རྫོང་ཐོག་ཏུ། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག བོད་ལ་རང་དབང་དགོས། ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་གདན་འདྲེན་ཞུ་དགོས། བོད་ནང་ཆོས་དད་རང་དབང་དགོས་ཟེར་བ་སོགས། སྐད་ཤུགས་ཆེན་པོས་ཞི་རྒོལ་སྐད་འབོད་ཁྲོམ་སྐོར་བྱེད་ཞོར་ཡིག་ཆ་མང་པོ་གཏོར་ཡོད་འདུག འོན་ཀྱང་ཁོང་གཉིས་ཀྱིས་ཡིག་ཆའི་ནང་བརྗོད་བྱ་གང་ཡིན་གསལ་ཁ་མ་ཤེས་ཀྱང་དུས་ཡུན་ཐུང་ངུ་ལས་མ་འགོར་བར་རྒྱ་གཞུང་གི་ཉེན་རྟོག་པ་འབྱོར་ཏེ་ཁོང་གསུམ་ལ་ཉེས་རྡུང་ཚད་མེད་གཏོང་བཞིན་འཛིན་བཟུང་བཙོན་འཇུག་བྱས་འདུག
གོང་མིང་པ་བཙུན་མ་གསུམ་ལས། རང་ལོ་ ༢༦ ཡིན་པ་བཙུན་མ་བློ་བཟང་དབྱངས་མཚོ་ནི། དཀར་མཛེས་རྫོང་། དར་རྒྱས་འདན་མ་ཤང་། གླང་ཕྱུག་གྲོང་། ཕ་བློ་དབྱངས་དང་། མ་ཡ་མ་ལྷ་མོ་གཉིས་ཀྱིས་བུ་མོ་ཡིན་འདུག
ཡང་ཚེས་ ༡༩ རེས་ཉིན་བཙུན་མ་གཉིས་དང་རྒན་མོ་གཅིག་གིས་དཀར་མཛེས་རྫོང་ཐོག་ཏུ་ཞི་རྒོལ་བྱས་པར་བརྟེན་འཛིན་བཟུང་བཙོན་འཇུག་བྱས་འདུག འོན་ཀྱང་ཁོང་གསུམ་གྱིས་མཚན་སོགས་ད་ལྟར་རྩད་གཅོད་ཐུབ་མ་སོང་། མདོར་ན་བོད་ཀྱི་ས་ཕྱོགས་གང་སར་བོད་མི་ཚོས་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གནང་བཞིན་པ་དེ་ལ་རྒྱ་ནག་གཞུང་ཕྱོགས་ནས། དམ་དྲག་ཤུགས་ཆེན་པོ་བཟོ་བཞིན་པ་མ་ཟད། མང་པོ་ཞིག་འཛིན་བཟུང་བཙོན་འཇུག་བྱས་ནས་མནར་གཅོད་ཚད་མེད་གཏོང་གི་ཡོད་པ་རེད།
ཁམས་དཀར་མཛེས་རྫོང་གཅིག་པུ་ནས་ད་ལོ་ཕྱི་ཟླ་ ༦ པའི་ཚེས་ ༦ ནས་ད་བར་ཉིན་གྲངས་ ༡༤ ཙམ་གྱི་རིང་ལ་འཛིན་བཟུང་བཙོན་འཇུག་བྱས་པ་མི་གྲངས་ ༢༦ཙམ་ཡོད་པ་ཤེས་རྟོག་བྱུང་འདུག གོང་ཞུས་ཞི་རྒོལ་གྱི་བྱུང་རིམ་ནང་། གྲྭ་པ་ ༩ བཙུན་མ་ ༡༥ བུད་མེད་༢ དང་། དཀར་མཛེས་རྫོང་ཁོངས། དཀར་མཛེས་དགོན་པ། དར་རྒྱས་དགོན་པ། བེ་རི་དགོན་པ། ཁང་དམར་དགོན་པ། རྩིས་ཚང་དགོན་པ། ཉི་མོ་དགེ་ཚུལ་དགོན་པ། ལམ་བྲག་དགོན་པ། དགེ་མ་བྲག་བཙུན་དགོན། ཉ་རྒྱས་དགོན་བཅས་དཀར་མཛེས་ཁུལ་དགོན་ཁག་བརྒྱད་ཙམ་ཡོད་འདུག་ཅེས་གནས་ཚུལ་མཁོ་གཏོང་བ་བརྗོད་འདུག །།