ཨ་རིའི་མི་རྣམས་དམག་འཁྲུག་ལ་ཡིད་ཐང་ཆད་ཡོད་ཟེར།
ཡང་གསར་འགོད་པ་གཅིག་གི་ལན་དུ་ཁོང་གིས་བརྗོད་དོན། ང་ཚོས་༢༠༠༩ དང་༢༠༡༠ ལོའི་ཨབ་གྷ་ནི་སི་ཐན་གྱི་དམག་འཁྲུག་དང་པོ་དེ་རྒྱལ་ཁ་ཐོབ་ཀྱང་ཨི་རག་ནང་དུ་འགྲོ་བཞིན་པའི་དམག་འཁྲུག་དེའི་རྐྱེན་གྱིས་ཨབ་གྷ་ནི་སི་ཐན་ནང་དུ་དོ་སྣང་དེ་ཙམ་མ་བྱུང་བར་ལོ་མང་པོ་རིང་ལྷག་པ་རེད་ཅེས་གསུངས་ཡོད་པ་རེད། ཁོང་གིས་བརྗོད་ན། ཨབ་གྷ་ཎི་སི་ཐན་གྱི་དམག་འཁྲུག་དེ་ནི་ད་ཆ་ལོ་བཅུ་ཟིན་ཡོད་ཀྱང་ན་ནིང་གི་དབྱར་དུས་བར་མ་གཏོགས་ང་ཚོས་ཕྱོགས་ཡོངས་ནས་དམག་འཁྲུག་ནང་དུ་ཞུགས་མེད་ཅེས་ནན་དུ་གསུངས་ཡོད་པ་རེད།
ཨ་རིའི་བདེ་སྲུང་དྲུང་ཆེས་ད་ལན་གྱི་གནས་ཚུལ་སྤེལ་དོན་དེ་ནི། ད་ལྟ་ཨི་རག་དང་ཨབ་གྷ་ནི་སི་ཐན་ནང་དུ་འགྲོ་བཞིན་པའི་དམག་འཁྲུག་དེ་གཉིས་ཀྱི་བསྒྲུབ་བྱ་རྣམས་དུས་ཚོད་ངེས་ཅན་ཞིག་གི་ནང་དུ་ལས་དོན་རྣམས་བསྒྲུབས་ཏེ། ཨ་རིའི་བདེ་འཇགས་སྲུང་སྐྱོབ་གོང་འཕེལ་གཏོང་བ་དང། ཨ་རིའི་ཆེ་མཐོང་དང་སྙན་གྲགས་རྣམས་མི་ཉམས་རྒྱུན་འཛིན། ཨ་རིའི་མངོན་འདོད་རྣམས་སྔ་ཙམ་གསལ་འདོན་བྱེད་པ་བཅས་ཀྱི་ཆེད་དུ་ཡིན་པ་ཁོང་གིས་གསུངས་པ་དང། གལ་ཏེ་ཨ་རིའི་སྲིད་གཞུང་གིས་བསྒྲུབ་བྱ་དེ་རྣམས་སྒྲུབ་ཐུབ་པ་བྱུང་ཚེ། གང་མགྱོགས་དམག་འཁྲུག་དེ་གཉིས་མཚམས་འཇོག་བྱེད་རྒྱུ་ཡིན་ཞེས་གསལ་བཤད་བྱས་ཡོད་པ་རེད།།