ཚེ་སྲོག་གཏམ་མར་བཞག་སྟེ་སྙན་ཞུ་ཞིག་གི་ཚབ་ཡིན།

ཟླ་འདིའི་ཚེས་༢༠ ཉིན་གངས་སྐྱིད་དཔེ་མཛོད་ཚོགས་ཁང་དུ་དཔེ་དེབ་དེ་བསྐྱར་པར་གྱི་དབུ་འབྱེད་མཛད་སྒོ་ཞིག་འཚོགས་ཏེ། བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས་ཀྱིས་དཔེ་དེབ་དབུ་འབྱེད་གནང་ཡོད་པ་རེད། སྐབས་དེར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་དཔེ་དེབ་བསྐྱར་དུ་པར་སྐྲུན་དགོས་པའི་དམིགས་ཡུལ་སྐོར་ངོ་སྤྲོད་བྱས་པ་དང་། རྩོམ་པ་པོའི་གྲོགས་པོ་བསྟན་པ་དར་རྒྱས་ལགས་ཀྱིས་རྩོམ་པ་པོའི་ལོ་རྒྱུས་ངོ་སྤྲོད་བྱས་ཡོད་པ་རེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་ཀྱིས་བོད་ནང་གི་རྩོམ་པ་པོའི་སྙིང་སྟོབས་སྐོར་ལ་གཏམ་བཤད་སྤེལ་བ་དང་སྦྲགས་དཔེ་དེབ་དེའི་ནང་དོན་ཁག་ཅིག་ངོ་སྤྲོད་དང་། བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས་ཀྱིས་བོད་ནང་གི་མི་མང་གི་སེམས་ཤུགས་དང་བཙན་བྱོལ་ནང་ནས་བོད་དོན་འཐབ་རྩོད་ཆེད་ལས་དོན་བྱེད་ཕྱོགས་དང་མ་འོངས་པར་མུ་མཐུད་ཆིག་སྒྲིལ་དགོས་སྐོར་སོགས་ལ་གཏམ་བཤད་བྱས་སོང་།

དེབ་དེའི་ཁ་བྱང་དུ་ཚེ་སྲོག་གིས་བསྐྲུན་པའི་སྐད་ཆ། རང་དབང་གི་ཆེད་དུ་ཞེས་འཁོད་ཡོད་པ་དང་། ནང་དོན་གཙོ་བོ་༢༠༠༨ ལོའི་ཕྱི་ཟླ་༣ ཚེས་༡༠ ནས་འགོ་བརྩམས་ཏེ། ༢༠༡༡ ལོའི་ཕྱི་ཟླ་༣ ཚེས་༡༠ ཉིན་བོད་ནང་དུ་འགྲེམས་སྤེལ་བྱེད་འགོ་བཙུགས་ཡོད་འདུག རྩོམ་པ་པོས། “འདི་ནི་༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་ཉིན་མོ་ཡིན་པ་མ་ཟད། ཉིས་སྟོང་བརྒྱད་ལོར་ས་བྱིའི་ཞི་རྒོལ་ཆེན་མོ་བྱས་ཏེ་མི་ལོ་གསུམ་རིལ་གྱིས་འཁོར་བའི་ཉིན་མོ་ཡིན་པ་དང་། ལྷག་པར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་ཆེན་ཐེངས་བཅུ་དྲུག་དེ་(༢༠༡༡)ཕྱི་ཟླ་གཉིས་པའི་ཚེས་༢༨ ནས་དབུ་འཛུགས་ཀྱིས་ཕྱི་ཟླ་༣ ཚེས་༢༥ ཉིན་བར་འཚོགས་བཞིན་ཡོད་པས། དུས་དེ་དང་འཁེལ་བར་བྱས་ཏེ་འགྲེམས་སྤེལ་བྱས་པ་ཡིན། འདི་ནི་མ་གཞི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆེན་དེ་རྐུབ་སྟེགས་ཐོབ་ཟིན་པའི་ཆེན་པོ་ཚོས་རྫིག་གཏམ་འཆད་ས་ཞིག་དང་། རང་དབང་ཐོབ་ཟིན་པའི་མི་རིགས་ཚོས་ནང་མོལ་བྱེད་ས་ཙམ་མ་ཡིན་པར། གང་ན་ཉམས་ཆུང་བའི་མི་རིགས་ཀྱི་འབོད་བརྡ་ཡོད་ན་དེ་ཉིད་ལ་ཉན་ཞིང། གང་ན་གཉའ་གནོན་དང་བཙན་འཛུལ་གྱི་མུན་སྟུགས་ཡོད་ན་དེ་ཉིད་མཐོང་མཁན་གྱི་ངེས་པ་དོན་གྱིས་འགྲོ་བ་མི་སྤྱིའི་ཐོབ་ཐང་གླེང་ས་ཞིག་ཡིན་པར་རེ་ཞིང་སྨོན་པས་ཡིན། དེ་བས་ཁོ་བོའི་ཚེ་སྲོག་གིས་བསྐྲུན་པའི་སྐད་ཆ་འདི་བདག་གིས་ཚེ་སྲོག་གཏམ་མར་བཞག་སྟེ། ཁོ་ཚོར་སྐད་འབོད་ཅིག་གམ་ཡང་ན་སྙན་ཞུ་ཞིག་གི་ཚབ་ཏུ་ཕུལ་བ་ཡིན་”ཞེས་རྩོམ་པ་པོས་བྲིས་འདུག

འགོ་བརྗོད་དུ་བརྗེད་མི་སྲིད་པའི་ལོ་ཟླ་ཞེས་འཁོད་པའི་༢༠༠༨ ལོའི་བོད་ཀྱི་ཞི་རྒོལ་དང་རྒྱ་ནག་སྲིད་གཞུང་གི་དྲག་གནོན་ཞེས་པའི་ལེ་ཚན་གྱི་གླེང་གཞིའི་ནང་འཁོད་དོན། “བོད་མི་རིགས་དང་རྒྱ་ནག་སྲིད་གཞུང་གཉིས་བར་ལ་འཆམ་མཐུན་དང་དགའ་ཞེན་ཡོད་ཚོད་ཇི་ལྟར་བཤད་ཅིང། རྒྱ་ནག་སྲིད་གཞུང་དང་འཐབ་རྩོད་བྱ་ཡུལ་དེ་བོད་མི་ཉུང་ཤོས་ཤིག་ཡིན་པའི་ལྟ་ཚུལ་ཇི་ལྟར་བསྒྲགས་ནའང། གཞི་རྒྱ་ཆེ་བའི་བོད་མི་ཚོའི་ངུ་འབོད་དང་གྱེན་ལངས་རེ་རེ་དང་། རྒྱ་ནག་སྲིད་གཞུང་གིས་རྒྱུ་འབྲས་དང་གནས་ལུགས་མེད་པའི་དྲག་གནོན་གྱི་བྱ་འགུལ་རེ་རེས་“ཕ་མགོ་བུ་གཡོག་”གི་སྐད་ཆ་དེ་དག་གི་རང་མཚང་གསལ་པོར་བསྟན་ཡོད་པ་མ་མིན་ནམ། སྤྱིར་བཤད་ན་བོད་རྒྱ་གཉིས་ནི་ཁྱིམ་མཚེས་མི་རིགས་ཤིག་ཡིན་པས། ཕན་ཚུན་འཆམ་མཐུན་དང་ཡིད་རྟོན་ཡོད་འོས་པ་ཞིག་རེད་ལ། ལྷག་པར་དུ་༧སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གིས་བོད་རྒྱ་གཉིས་ཕན་གྱི་ཐབས་ལམ་གསར་པ་ཞིག་སྟེ། དབུ་མའི་ལམ་གྱི་ལྟ་ཚུལ་བཏོན་ཞིང་། བོད་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་དུ་གནས་པར་ཁས་བླངས་པ་དེས་རྒྱ་ནག་ལ་ཁེ་ཁ་ཆེ་བའི་ལམ་བུ་ཞིག་གི་སྣེ་མོ་བསྟན་ཡོད། འོན་ཀྱང་ལག་མགོ་བསྟན་ན་ལག་སྐེ་རློམ་པའི་རྒྱ་ནག་སྲིད་གཞུང་ལ་མཚོན་ན། བློ་གཏད་ན་སྲོག་ལ་རྔམ་པའི་སྤྱང་ལྟོགས་བཞིན་དུ་ད་དུང་ཡོད་ཚད་ཧམ་ཟ་དང་དབང་བསྒྱུར་བྱེད་ལ་རྔམ་སྟེ། བོད་མི་རིགས་ཀྱི་མགོའི་དཔོན་ནས་འོག་གི་འབངས་ཡོངས་ལ་དམའ་འབེབས། བརྙས་བཅོས། བཙན་གནོན། དབང་བསྒྱུར་སོགས་ཚད་ལས་བརྒལ་བའི་བྱ་སྤྱོད་ཁོ་ན་ལག་ཏུ་བསྟར་བ་དེས། བོད་མི་ཚོའི་སེམས་སུ་གསོན་མི་ཐུབ་པའི་ན་ཟུག་ལྕི་མོ་ཞིག་བཞག་སྟེ། ལོ་རྒྱུས་ཀྱིས་བརྗེད་མི་སྲིད་པའི་ད་ལོའི་ཡ་ང་བའི་དོན་རྐྱེན་འདི་བྱུང་བ་རེད། དོན་རྐྱེན་འདི་དང་དོན་རྐྱེན་སྔོན་རྒྱབ་ཀྱི་བྱ་སྤྱོད་དག་ནི་འཛམ་གླིང་གི་མིའི་རིགས་ཀྱི་སྔོན་ནས་དམངས་གཙོ། དང་རང་དབང་སོགས་ཡོད་པར་སྒྲོག་པའི་རྒྱལ་ཁབ་ཅིག་གི་རང་མཚང་དམར་རྗེན་དུ་བསྟན་པ་ཙམ་ལས་ཅི་ཡང་མེད་”ཅེས་སོགས་འཁོད་ཡོད་པ་རེད།

སྤྱིར་དེབ་དེའི་ནང་༡ གནས་ལུགས་ཞེས་པ་དང་། ༢ རྒོལ་གཏམ། ༣ སྨྲེ་སྔགས། ༤ མྱ་ངན། ༥ ཟུར་རྒྱན་བཅས་སྡེ་ཚན་ལྔ་རུ་བགོས་སྟེ་བྲིས་འདུག་ལ། བསྡོམས་པའི་ཤོག་ངོས་༢༤༩ ཙམ་འདུག རྩོམ་པ་ནི་བོད་ཨ་མདོ་མགོ་ལོག་པད་མ་རྫོང་ཁོངས་ནས་ཡིན་པ་དང་། དང་ཐོག་ས་གནས་ནས་དགོན་པར་ཞུགས་པ་དང་། རྗེས་སུ་གསེར་རྟ་ལྔ་རིགས་ནང་བསྟན་སློབ་གླིང་དུ་སློབ་གཉེར་གནང་ཡོད་པ་རེད།།

{jcomments on}