དཀར་མཛེས་རྫོང་ཐོག་བཙུན་མ་གཉིས་འཇུ་བཟུང་།
བཙུན་མ་བྱམས་ཕྲུག་སྒྲོལ་མ་ནི། བོད་ཁམས་དཀར་མཛེས་རྫོང་། ལྷོ་པ་ཤང་། གྲོང་གཞུང་ནང་གྲོང་ཚོ་ནས་ཡིན་པ་དང་། ཕ་ཡ་མ་ཕུན་ཚོགས་དང་། མ་བཀྲ་ཤེས་ལྷ་མོ་གཉིས་ཀྱིས་བུ་མོ་རེད་འདུག ད་སྐབས་ཁོང་རང་ལོ་ ༢༠ ཡས་མས་ཤིག་ཡིན་འདུག རང་ལོ་༢༠ མ་ཟིན་ཙམ་ཡིན་པ་བཙུན་མ་སྒྲོལ་མ་དཔལ་མོ་ནི། སྐྱེས་ཡུལ་དཀར་མཛེས་རྫོང་། ལྷོ་པ་ཤང་། ལྭ་སྒང་སྟེང་གྲོང་། ཚེ་འདས་མ་བདེ་སྐྱིད་ཆོས་སྒྲོན་གྱིས་བུ་མོ་ཡིན་པ་དང་། ཁོང་གིས་ཕ་མ་གཉིས་ཀ་སྔོན་མ་ནས་འདས་གྲོངས་སུ་ཕྱིན་འདུག
གནས་ཚུལ་མཁོ་གཏོང་བ་པདྨ་ཚེ་དབང་གིས་བརྗོད་དོན། ད་ལྟའི་ཆར་ཁམས་མཛེས་ཁུལ་གྱི་བོད་མི་ཚོས་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གནང་བཞིན་པ་དེ་ལ་རྒྱ་ནག་གཞུང་ཕྱོགས་ནས། དམ་དྲག་ཤུགས་ཆེན་པོ་བྱེད་བཞིན་པ་མ་ཟད། ཕྱི་ཚེས་ ༡༨ ཉིན་ནས་དཀར་མཛེས་ཁུལ། ཉ་རྒྱས་བཙུན་དགོན་གྱི་གཙོས་ཞི་རྒོལ་པ་གྲྭ་བཙུན་རྣམས་ཀྱི་བཞུགས་གནས་དགོན་སྡེ་ཁག་གི་ནང་དུ་རྒྱ་མིས་དྲག་ཆས་ཉེན་རྟོག་པ་བཙན་འཛུལ་གྱིས་ཤག་གང་སར་སྔོག་བཤེར་བྱས་དང་བྱེད་བཞིན་པ་མ་ཟད། གྲྭ་བཙུན་རྣམས་ཀྱི་ལག་ཐོགས་ཁ་པར་དང། ཁྱིམ་སྤྱོད་ཁ་པར་སོགས་ཀྱི་ཨང་གྲངས་ལ་ཞིབ་བཤེར་གྱིས་ཐོ་འགོད་བྱེད་པ་སོགས། ལས་འགུལ་འདྲ་མིན་སྣ་ཚོགས་སྤེལ་བཞིན་འདུག
{jcomments on}