བལ་ཡུལ་དུ་བར་མའི་འོས་བསྡུ་ཐུབ་མི་འདུག

དེ་ཡང་ཟླ་འདིའིི་ཚེས་༡༩ ཉིན་རྒྱ་གར་ནང་གི་བཙན་བྱོལ་བོད་མི་གནས་སྡོད་བྱེད་ཡུལ་གང་སར་དབུས་འོས་བསྡུ་ལས་ཁང་གི་བཀོད་ཁྱབ་འོག་བོད་མི་མང་སྤྱི་འཐུས་སྐབས་བཅོ་ལྔ་པའི་དབུས་གཙང་སྤྱི་འཐུས་གཉིས་ཀྱི་ཆེད་འོས་བསྡུ་འཕར་མའི་སྔོན་འགྲོའི་འོས་བསྡུ་བྱས་ཡོད་ཀྱང། བལ་ཡུལ་དུ་གཞུང་ཕྱོགས་ནས་བཀའ་འཁྲོལ་མ་ཐོབ་ཚུལ་མི་མང་ལ་ས་གནས་འོས་བསྡུ་ལས་ཁང་ནས་ཡིག་ཐོག་གི་གསལ་བསྒྲགས་ཤིག་སྤེལ་བ་དང་མཉམ་བར་མའི་འོས་བསྡུའི་ལས་རིམ་སྤེལ་མེད་པ་རེད།

གསལ་བསྒྲགས་ནང་འཁོད་དོན། དབུས་གཙང་ཆོལ་ཁའི་སྤྱི་འཐུས་འོས་མི་གཉིས་ལ་སྒྲིག་དོན་དགོས་ངེས་བརྒྱ་ཆ་མ་ལོན་པར་འོས་བསྡུ་བསྐྱར་དུ་བྱེད་དགོས་ཡོད་པའི་སྤྱི་ཁྱབ་འོས་བསྡུ་ལས་ཁང་ནས་བར་མའི་འོས་བསྡུའི་ལས་རིམ་ཞིབ་ཕྲ་གནང་འབྱོར་བྱུང་བ་ལྟར། གོ་བསྡུར་རིམ་པ་བརྒྱུད་ས་གནས་འོས་བསྡུ་ལས་ཁང་གི་འགན་འཛིན་དང་། ལས་རོགས།  ཚོགས་མི་ཟུར་དཔང་གི་སྐུ་ཚབ་བཅས་ཟླ་འདིའི་ཚེས་ ༡༣ ཉིན་ཀཐ་མན་ཀྲུ་རྫོང་དཔོན་སར་ཆེད་བཅར་གྱིས་བལ་ཡུལ་བོད་མི་ཚོས་ཞི་འཇམ་མངོན་གསལ་མེད་ཐོག་འོས་བསྡུ་ཆོག་པའི་འབོད་སྐུལ་དང་ལུགས་མཐུན་བཀའ་འཁྲོལ་ཞུས་པར། རྫོང་དཔོན་གྱིས་བལ་ཡུལ་ནང་བཙན་བྱོལ་བོད་མིའི་འོས་བསྡུ་གནང་རྒྱུ་བལ་ཡུལ་གཞུང་གི་ཁྲིམས་དང་མི་མཐུན་ཞིང་ཁྱིམ་མཚེས་རྒྱལ་ཁབ་ཀྱི་འབྲེལ་ལམ་ལ་གནོད་གཞིའི་བྱ་སྤྱོད་དང་། གཞུང་གི་སྲིད་བྱུས་སོགས་ལ་མི་མཐུན་པར་བརྟེན་བཀའ་འཁྲོལ་སྩོལ་ཐབས་མེད་པ་སྔོན་ཞུས་ལྟར། ད་ལྟའང་འོས་བསྡུ་མེད་པ་དགོས་རྒྱུ་ཞེས་བཀའ་ཕེབས་སོང་ཚུལ་དང་། བལ་ཡུལ་ནང་བོད་མི་སྐྱབས་བཅོལ་བ་མུ་མཐུད་གནས་སྡོད་བྱེད་དགོས་པ་དང་། བོད་མི་རྣམས་ས་གནས་སོ་སོར་གནས་སྡོད་བྱ་ཡུལ་གྱི་ས་གནས་གཞུང་གི་ཡུལ་ཁྲིམས་ལ་བརྩི་སྲུང་དང་ལེན་ཐོག་ས་གནས་དེའི་གཞུང་མང་ལ་ཐུགས་སུན་དང་། མཛད་དཀའ་ཡོང་གཞིའི་རིགས་བྱེད་རྒྱུ་མེད་པ་དམ་འཛིན་དགོས། མདོ་དོན་བལ་ཡུལ་གཞུང་ལ་རྒྱ་གཞུང་གིས་གནོན་ཤུགས་དང་སུན་གཙིར་འདྲ་མིན་ལ་བརྟེན། གནས་སྟངས་འདི་དག་བློ་ཕམ་བྱུང་ལུགས་སོགས་གསལ་བསྒྲགས་ནང་འཁོད་འདུག།

གནས་སྟངས་འདི་ཚོའི་ཐད་བོད་མི་ཚོས་བློ་ཕམ་ཆེན་པོ་བྱེད་བཞིན་པ་དང་དབུས་གཙང་ཆོལ་ཁའི་ས་གནས་ཚོགས་གཙོ་ཁང་དཀར་དབང་ཕྱུག་ནས་བརྗོད་དོན། “སྤྱིར་བལ་ཡུལ་གཞུང་མང་གཉིས་ང་ཚོར་བཀའ་དྲིན་ཆེན་པོ་རེད། འོན་ཀྱང་ཕྱིའི་གནོན་ཤུགས་ཀྱི་རྐྱེན་གྱིས་ལུགས་མཐུན་གྱི་ཆོག་མཆན་ཞུ་བ་སོགས་འགྲོ་ས་མེད་པར་སྔོན་མ་འོས་སྒམ་བཙན་འཕྲོག་དང་། རྒྱལ་ཡོངས་དགོས་གཞིའི་འོས་བསྡུར་ཆོག་མཆན་མ་སྤྲད་པར་བཀག་བསྡོམས་བྱས་པ་སོགས་ལས་གསལ་པོ་རེད། འོས་བསྡུ་ལས་ཁང་ནས་ཆོག་མཆན་མི་ཐོབ་པ་ཤེས་བཞིན་དུ་དེ་ལྟར་བྱས་པ་ནོར་བ་དང་། དེ་ཡང་ལས་སླ་བོར་གསལ་བསྒྲགས་ཙམ་བྱས་ནས་ལས་རིམ་སྤེལ་ཐབས་ཙམ་མ་བྱས་པ་ཡག་པོ་བྱུང་མ་སོང་བམས་སོང་། མང་གཙོ་ལ་གལ་ཆེ་ཤོས་འོས་བསྡུ་ཡིན་དུས་འོས་སྒམ་བཙན་འཕྲོག་བྱས་རུང་ལས་རིམ་སྤེལ་དགོས་པ་རེད། དེ་ལྟར་མ་བྱུང་བ་དང་འོས་བསྡུའི་ལས་རིམ་སྤེལ་མ་ཐུབ་པ་ངས་དབུས་གཙང་མི་མང་གི་ཚབ་བྱས་ནས་བློ་ཕམ་སྐྱེས་གཞི་རེད་བརྗོད་འདོད་བྱུང་”ཞེས་གསུངས་སོང་།

བལ་ཡུལ་རྒྱལ་ཁབ་ནི་རྒྱ་གར་གྱི་རྗེས་སུ་བོད་མི་མང་ཤོས་གནས་སྡོད་བྱེད་ཡུལ་གཉིས་པ་དེ་ཡིན་པ་དང། མི་གྲངས་སྟོང་ཕྲག་ཉི་ཤུ་ཙམ་ཡོད་སྐོར་བརྗོད་བཞིན་པ་རེད།/
བལ་ཡུལ་གསར་འགོད་པས།

{jcomments on}