ཆུ་སྒང་གི་ཚོགས་ཆེན་མཇུག་བསྡོམས།

དེ་ཡང་ཟླ་འདིའི་ཚེས་༡༦ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་སུ་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་བསྲུང་དྭང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་༥༣ འཁོར་བའི་དུས་དྲན་མཛད་སྒོ་དང་སྟབས་བསྟུན། ཆུ་སྒང་རྒྱལ་ཡོངས་ཚོགས་ཆེན་ཐེངས་༡༩ པ་མོན་གྷོ་འདོད་རྒུ་གླིང་མི་མང་ཚོགས་ཁང་ཆེན་མོར་བསྐོང་ཚོགས་གནང་ཡོད་པ་རེད། དེ་ཡང་ཚོགས་ཐོག་ཏུ་བོད་མི་མང་སྤྱི་འཐུས་རྣམ་པ་དགུ་དང་། མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་རྒྱུན་དང་དབུས་རྒྱུན་ཟུར་རྣམ་པ། ཆུ་སྒང་ས་གནས་ཁག་གིས་འཐུས་མི་རྣམ་པ། གཞན་ཡང་མོན་གྷོ་ས་གནས་གདན་ས་དགའ་འབྲས་གཉིས་ཀྱི་གཙོས་ས་གནས་ཁག་ནས་སེར་སྐྱ་མི་མང་ཕོན་ཆེན་ཚོགས་འདིར་ཕེབས་ཡོད་པ་རེད།

ཚོགས་ཐོག་ཏུ་བོད་དང་བོད་མིའི་བདེན་དོན་འཐབ་རྩོད་དང་འབྱུང་འགྱུར་མདོ་ཁམས་སྒྲིག་འཛུགས་འཕེལ་རྒྱུས་གཏོང་ཕྱོགས་བཅས་ཀྱི་སྐོར་ལ་བགྲོ་གླེང་གོ་བརྡུར་ལྷུག་པོར་གནང་སོང་བ་མ་ཟད། ཐེངས་འདིའི་མདོ་ཁམས་ཆུ་བཞི་སྒང་དྲུག་རྒྱལ་ཡོངས་ཚོགས་ཆེན་ཐེངས་ ༡༩ པའི་ཐོག་སྤྱི་མོས་དང་མང་མོས་ཀྱི་གྲོས་གཞི་གྲོས་ཆོད་ཁག་གཅིག་ཀྱང་བཞག་ཡོད་པ་རེད།

འདི་གའི་གསར་འགོད་པས། ཆུ་སྒང་རྒྱུན་ལས་གསར་པའི་ངོས་ནས་མ་འོངས་པར་ལས་དོན་བྱེད་ཕྱོགས་ལ་དགོངས་པ་ག་རེ་བཞེས་ཀྱི་ཡོད་མེད་སྐོར་ཚོགས་གཙོ་གསར་པ་པདྨ་བདེ་ལེགས་ལ་བཅར་འདྲི་ཞུས་པར། ཁོང་གིས་གསུང་དོན།  ང་ཚོ་རྒྱུན་ལས་ཚོའི་དམ་བཅའ་ཕུལ་བ་ནང་བཞིན་མདོ་ཁམས་ཆུ་བཞི་སྒང་དྲུག་ཚོགས་པའི་སྒྲིག་གཞི་ལ་ཡིད་ཆེས་བློ་གཏད་ཀྱི་ཐོག་ནས་ལས་ཀ་ཧུར་ཐག་བྱེད་རྒྱུ་དང་། ལྷག་པར་དུ་༧གོང་ས་རྒྱལ་བ་ཐམས་ཅད་མཁྱེན་པ་མཆོག་གི་བླ་ན་མེད་པའི་བཀའ་དགོངས་དང་མཐུན་པའི་ཐོག་ནས་གོམ་པ་རེ་རེ་བཞིན་མདུན་བསྐྱོད་ཀྱི་ཆེད་དུ་འབད་རྩོན་ཞུ་རྒྱུ། དེ་བཞིན་བོད་ཆོལ་ཁ་གསུམ་གཙོས་ཚོགས་པ་ཡོངས་རྫོགས་མཉམ་དུ་དཔུང་པ་མཉམ་གཤིབ་དང་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་གྱི་༧རྒྱལ་བའི་བཀའ་དགོངས་ལྟར་དུ་འདུས་པའི་དུས་ཚོད་ཡིན་ན་ཡང་ཆུ་སྒང་རྒྱུན་ལས་ཚོས་གནང་གི་ཡོད་པ་རེད། ང་ཚོའི་སྐབས་ལ་ཡིན་ན་ཡང་འདི་གལ་ཆེན་པོར་བརྩི་རྒྱུ་དང་། ལྷག་པར་དུ་ཁམས་པ་ནང་ཁུར་ཡིན་པ་ཡིན་ན་ཡང་མདོ་ཁམས་ཆུ་བཞི་སྒང་དྲུག་ཤི་གསོན་གཉིས་ཀྱི་དམིགས་ཡུལ་དང་སྔོན་མའི་དམ་བཅའ་གཞིར་བཟུང་གི་ཐོག་ལ་ནང་ཁུར་རྡོག་རྩ་གཅིག་སྒྲུལ་ཡོང་ཐུབ་པ་སོགས་ཀྱི་རེ་བ་དང་དམིགས་ཡུལ་བཅང་བཞིན་ཡོད་ཅེས་གསུངས་སོང་།

དབུས་རྒྱུན་རྣམས་ནི་༡༽ཚོགས་གཙོ་པདྨ་བདེ་ལེགས། ༢༽ཚོགས་གཞོན་གྲའུ་ཚེ་བརྟན། ༣༽ཚོགས་གཞོན་ནང་ཆེན་ཨ་རྡོ། ༤༽དྲུང་ཆེ་དགེ་བཤེས་བེ་རི་འཇིག་མེད་དབང་རྒྱལ། ༥༽དྲུང་གཞོན་དགེ་བཤེས་ངག་དབང་བློ་བཟང་། ༦༽དངུལ་གཉེར་སྐྱུ་ར་དཔལ་རྡོ། ༧༽མཐུན་འབྲེལ་འགན་འཛིན་ཚུལ་ཁྲིམས་བསྟན་འཛིན། ༨༽རྒྱུན་ལས་ཀརྨ་མཁས་གྲུབ། ༩༽རྒྱུན་ལས་ག་ཟི་དགེ་བཤེས་ཚེ་རིང་པོ། ༡༠༽རྒྱུན་ལས་གོ་བོ་བློ་བཟང་ཕན་བདེ། ༡༡༽རྒྱུན་ལས་འཇུ་ཆེན་བཀྲིས་དཔལ་འབྱོར་བཅས་ཡིན་པ་རེད།

གཞན་ཡང་ཚེས་༡༦ ཉིན་མོན་གྷོ་ས་གནས་གཞོན་ལྷན་དང་ས་གནས་བུད་མེད་ཚོགས་པ་སོགས་ཚོགས་པ་ལྔའི་སྣེ་ལེན་གོ་སྒྲིག་གི་མདོ་ཁམས་ཆུ་སྒང་དབུ་རྒྱུན་རྣམ་པ་དང་སྤྱི་མཐུས་རྣམ་ལ་གསོལ་ཚིགས་འདེགས་འབུལ་ཞུས་པ་མ་ཟད། ཚེས་༡༧ ཉིན་མོན་གྷོ་ས་གནས་གཞིས་ཆགས་ཀྱི་གཞིས་མཉམ་གྲོས་གསུམ་གཙོས་ཚོགས་སྡེ་ཁག་ཉེར་བཞི་ནས་དགའ་ཚོར་ཆེན་པོའི་སྒོ་ནས་སྣེ་ལེན་གོ་སྒྲིག་གི་དགོང་དྲོ་གསོལ་ཚིགས་དྲ་རྒྱས་བོ་ཞིག་མདོ་ཁམས་ཆུ་སྒང་ཚོགས་བཅར་བ་ཡོངས་ལ་ཕུལ་ཡོད་པ་དང་། དེ་བཞིན་ཚེས་༡༨ ཉིན་མོན་གྷོ་ས་གནས་དབུས་གཙང་ཆོལ་ཁ་དང་མདོ་སྨད་ཆོལ་ཁ་གཉིས་ཀྱི་ངོས་ནས་ཀྱང་ཆུ་སྒང་རྒྱལ་ཡོངས་ཚོགས་བཅར་བ་ཡོངས་ལ་གསོལ་ཇ་འདེགས་འབུལ་ཞུས་སོང་བ་བཅས་ཀྱི་གཅིག་སྒྲིལ་དང་ཆ་མཐུན་ལ་སྨན་པའི་ལས་ཀ་མང་པོ་ཞིག་ཀྱང་ཞོར་དུ་ལེགས་འགྲུབ་བྱུང་བ་སོགས་ཀྱི་མཚོན་པའི་སྐབས་༡༩ པའི་མདོ་ཁམས་ཆུ་སྒང་ཚོགས་ཆེན་རྒྱལ་ཁའི་ངང་གྲོལ་ཡོད་པ་རེད།

གྲོས་གཞི་དོན་ཚན་དང་པོ།
སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བོད་གངས་ཅན་པའི་བསྟན་སྲིད་མི་རིགས་དང་བཅས་པའི་འཕྲལ་ཕུགས་ཀྱི་བདེ་རྩ་དང༌། མང་གཙོའི་ཆ་ལག་ཡོངས་སུ་རྫོགས་པའི་ཆེད་ཉེ་ཆར་ཆབ་སྲིད་དང་འཛིན་སྐྱོང་གི་དབང་ལུང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་རྣམས་ལ་རྩིས་སྤྲོད་གནང་བའི་རྗེས་འབྲེལ་རང་རེ་ཆུ་སྒང་སྒྲིག་འཛུགས་ཀྱི་ངོས་ནས་མང་གཙོ་གོང་འཕེལ་སོགས་ཀྱི་ཆེད་སྔར་ལས་ལྷག་པའི་འགན་ཁུར་གནང་ཕྱོགས་ཇི་དགེའི་སྐོར།
གྲོས་ཆོད།
༡༽    ད་བར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་ལས་ཁུངས་དང༌། ལྷག་པར་རྒྱ་གར་དབུས་སའི་གཞུང་གི་ངོས་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཉེན་སྲུང་ཐོག་འགན་ཁུར་གང་ལེགས་གནང་བར་བསྔགས་བརྗོད་ཞུ་རྒྱུ་དང༌། རང་རེའི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་པ་དང༌། མདོ་སྟོད་རྒྱ་ཆེའི་སེར་སྐྱ་མི་མང་ཡོངས་ནས་ཀྱང་ྋགོང་ས་མཆོག་གི་ཕྱོགས་ཕེབས་ཆིབས་བསྒྱུར་སོགས་ཀྱི་སྐབས་སུ་སྐུ་ཕྱྭའི་ཉེན་སྲུང་ཐད་དོ་སྣང་དང་འགན་ཁུར་ཆེར་བསྐྱེད་ཞུ་རྒྱུ།  ༼སྤྱི་མོས།༽
༢༽    མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྒྲིག་གཞིའི་དགོངས་དོན་ལྟར་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་འགལ་མེད་ཀྱིས་ལས་དོན་ཁག་མུ་མཐུད་བསྒྲུབས་དང་སྒྲུབ་བཞིན་པ་མ་ཟད། དམིགས་བསལ་ཉེ་ཆར་སྐབས་ ༡༤ པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་ ༡༡ པར་གསུང་འཕྲིན་རིན་པོ་ཆེ་སྤྱི་བསྩལ་དང༌། དེའི་རྗེས་འབྲེལ་སྐབས་ ༡༤ པའི་གྲོས་ཚོགས་ཚོགས་དུས་འཕར་མའི་སྐབས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེར་བསྐྱར་བཅོས་ཇི་སོང་ཁག་གི་དགོངས་དོན་ལ་འཕྱར་གྲུ་མཉམ་འདེགས་ཀྱིས་མང་གཙོ་གོང་འཕེལ་ཆེད་འབད་བརྩོན་སྔར་ལྷག་ཞུ་རྒྱུ། ༼སྤྱི་མོས།༽
གྲོས་གཞི་དོན་ཚན་གཉིས་པ།
མ་འོངས་ཆུ་སྒང་དབུས་ས་གཉིས་ཀྱི་ལས་དོན་སྔར་ལྷག་ཚགས་ཚུད་དང༌། ཕུགས་བརྟན། རྒྱལ་སྤྱིའི་ནང་ཆུ་སྒང་སྒྲིག་འཛུགས་འདི་ཉིད་ཁྲིམས་མཐུན་དེབ་སྐྱེལ་ཡོང་ཆེད་བྱ་ཐབས་ཇི་དགེ་སོགས་ཀྱི་སྐོར།
གྲོས་ཆོད།
ཀ༽    སྤྱི་ཡོངས་སྐོར།
༡༽    མ་འོངས་ཆུ་སྒང་སྒྲིག་འཛུགས་ཚགས་ཚུད་དང་ཡར་རྒྱས། ཕུགས་བརྟན་བཅས་ཀྱི་སླད་རྡོག་རྩ་གཅིག་སྒྲིལ་གྱིས་ལས་དོན་ལག་བསྟར་ཚུལ་མཐུན་ཡོང་ཆེད་བོད་མི་སྤྱི་དང་བྱེ་བྲག་མདོ་ཁམས་པ་ནང་ཁུལ། དབུས་སའི་རྒྱུན་ལས་ཕན་ཚུན་འབྲེལ་ལམ་དམ་ཟབ་དམ་ཚིག་བསྲེ་སླད་མི་འབྱུང་བའི་ཐབས་ཤེས་གང་དགེ་བྱ་རྒྱུ། ༼སྤྱི་མོས།༽
༢༽    ཆུ་སྒང་ལག་དེབ་གསར་བཟོ་དང༌། ལག་དེབ་ཀྱི་དེབ་གཟུགས་སོགས་ཡར་རྒྱས་གཏོང་ཕྱོགས་ཐད་ལེགས་བཅོས་ཇི་དགོས་ལག་བསྟར་བྱ་རྒྱུ། ༼སྤྱི་མོས།༽
༣༽    མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྒྲིག་འཛུགས་འདི་ཉིད་རྒྱལ་སྤྱིའི་ཐོག་དེབ་སྐྱེལ་ཡོང་ཐབས་ཆེད་མིང་ཇི་ལྟར་འདོགས་དགོས་མིན་དང༌། འགྲོ་སྟངས་ཇི་ལྟར་དགོས་མིན་ཐད་ཁྲིམས་དོན་མཁས་པ་རྣམས་ལ་ལམ་སྟོན་ཞུས་ཏེ་ལག་བསྟར་ཡོང་ཐབས་བྱ་རྒྱུ། ༼སྤྱི་མོས།༽
ཁ༽    རྩིས་ཁྲའི་སྐོར།
༡༽    རྩིས་ཞིབ་ཚོགས་ཆུང་གི་སྙན་ཐོའི་ནང་གསལ་སྐྱོན་གནད་རྣམས་ལ་ཐུགས་སྣང་གིས་ཕྱག་ལེན་འཁེལ་བ་དགོས་རྒྱུ་དང༌། སྒྲིག་འཛུགས་ག་འདྲ་ཞིག་ཡིན་ནའང༌། སྔོན་རྩིས་བཀའ་འཁྲོལ་ལས་བརྒལ་བའི་གཏོང་ལེན་འཕར་མ་མི་ཆོག་པར་བརྟེན། མ་འོངས་པར་འགྲོ་སྟངས་ཇི་དགོས་ལ་དགོངས་བཞེད་དང༌། ཁྲིམས་མཐུན་ཡོང་ཐབས་ཆེད་རྩིས་འགོ་ཁག་ནས་འགྲོ་སོང་རྫོགས་ཟིན་པ་རྣམས་རྒྱུན་ལས་ལྷན་ཚོགས་ཀྱིས་བསྐྱར་བཅོས་སྔོན་རྩིས་ཀྱི་ལམ་ནས་བཀའ་འཁྲོལ་གཏན་འབེབས་དགོས་པ་དང༌། མ་འོངས་པར་འདི་རིགས་རྩ་བ་ནས་མི་འབྱུང་བའི་ཆེད་སྔོན་ཙམ་ནས་དགོངས་བཞེད་ཀྱིས་ལག་བསྟར་ངེས་པར་དུ་དགོས་རྒྱུ། ད་དུང་ཚོགས་ཆུང་ཁག་གསར་འཛུགས་དགོས་གལ་ཆགས་ཚེ་འགྲོ་གྲོན་སྔོན་རྩིས་ཀྱང་གཏན་འབེབས་དགོས་རྒྱུ། ༼སྤྱི་མོས།༽
༢༽    ཆུ་སྒང་རྩིས་ཞིབ་ཚོགས་ཆུང་གི་ངོས་ནས་རྒྱལ་ཡོངས་ཚོགས་ཆེན་ཐོག་ཆུ་སྒང་དབུས་རྒྱུན་གྱི་ལོ་གསུམ་གྱི་ཕྱོགས་བསྡོམས་བྱུང་སོང་ལྷག་བསྡད་ཀྱི་རྩིས་ཁྲའི་གནས་སྟངས་དང༌། རྩིས་སྙན་ཁམས་གཙང་མང་ཚོགས་ཀྱིས་མཁྱེན་རྟོགས་ཆེད་འདོན་འབུལ་ཞུ་ཐུབ་པ་དགོས་རྒྱུ། ༼སྤྱི་མོས།༽
༣༽    དེབ་སྐྱེལ་ཡོད་པའི་ཚོགས་པ་ཁག་གི་དངུལ་གཏོང་ལེན་བྱེད་སྲོལ་སྤྱི་མཚུངས་བཞིན་དངུལ་འབོར་མང་བ་རྣམས་དངུལ་འཛིན་བརྒྱུད་གཏོང་ལེན་བྱ་ཐབས་དགོས་རྒྱུ་དང༌། མ་འོངས་པར་དངུལ་རྩིས་སྟངས་འཛིན་ཚུལ་མཐུན་ཡོང་ཆེད་ཛ་དྲག་གི་ཞལ་འདེབས་གནང་ཕྱོགས་སོགས་ཀྱི་ཐད་འདྲ་མཉམ་གཅིག་གྱུར་ཡོང་ཐབས་དགོས་རྒྱུ།
༼སྤྱི་མོས།༽
༤༽    ཆུ་སྒང་ལ་ནང་ཁུལ་ནས་དངུལ་སྤྲོད་བསྡད་རྣམས་ཀྱི་རྩིས་གཙང་ཁམས་དྭངས་དང༌། རྙོག་གླེང་མེད་པ་བཟོ་ཆེད། བསྐྱེད་ཀའི་བརྒྱ་ཆ་འབུལ་མི་དགོས་པ་བྱ་རྒྱུ་དང༌། རྩིས་གསལ་མ་རྩ་ཇི་ཆགས་རྣམས་ཆ་ཚང་དུས་ཚོད་རྒྱས་བཅད་ནང་འབུལ་དགོས་རྒྱུ།  ༼སྤྱི་མོས།༽
༥༽    ནང་ཁུལ་དངུལ་སྤྲོད་བསྡད་ཀྱི་གནས་སྟངས་ཐད་ཚོགས་ཆེན་འདིའི་ཐོག་ཞིབ་འཇུག་ཚོགས་ཆུང་གི་ཚོགས་མིར་མདོ་སྟོད་སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན་དང༌། མདོ་སྟོད་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས། མདོ་སྟོད་སྤྱི་ཟུར་གླིང་ཚང་ཚེ་རྡོར། བ་ར་ཚེ་དབང་བཀྲ་ཤིས། ཨོ་རྒྱན་འགྱུར་མེད་བཅས་ལ་བསྐོ་འཛུགས་བྱས་པ་ལགས་ན་དེའི་ཐོག་ཞིབ་འཇུག་ནན་འདྲོངས་ཞུས་པའི་གྲུབ་དོན་སྙན་ཐོ་དང༌། ཚོགས་ཆུང་གི་ཐག་གཅོད་བཅས་ཆུ་སྒང་འགན་འཛིན་ལྷན་ཚོགས་ཐེངས་ ༤༢ པའི་ཐོག་འགོད་འབུལ་གནང་དགོས་ཤིང༌། ཚོགས་ཆུང་གིས་ཐག་གཅོད་གང་གནང་ལ་དོ་བདག་སོ་སོས་ཀ་ཀོར་མེད་པར་དང་ལེན་ངེས་པར་དུ་བྱ་དགོས་རྒྱུ། རྩིས་ཆད་གཙང་སེལ་བྱུང་མཚམས་གནད་དོན་ཕྱི་གསལ་ནང་གསལ་གྱིས་མ་གོ་མ་ཐོས་མེད་པའི་གསལ་བསྒྲགས་བྱེད་དགོས། ཅི་སྟེ་དང་ལེན་མ་བྱས་ཚེ་དེ་དང་བསྟུན་པའི་གསལ་བསྒྲགས་མདོ་ཁམས་རྒྱ་ཆེའི་མི་མང་ཡོངས་ལ་བྱ་དགོས་རྒྱུ།༼སྤྱི་མོས།༽
གྲོས་གཞི་དོན་ཚན་གསུམ་པ།
བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་མདོ་ཁམས་རྒྱ་ཆེའི་མི་མང་ནས་དབུས་རྒྱུན་རྒྱལ་ཡོངས་འོས་བསྡུ་གནང་སྲོལ་ཡོད་པ་འདི་ཉིད་མུ་མཐུད་རྒྱུན་གནས་དགོས་མིན་དང༌། ས་རྒྱུན་འོས་འདེམས་གནང་ཕྱོགས་སྐོར་ལ་ལེགས་བཅོས་ཇི་དགོས། མ་འོངས་པར་འགན་འཛིན་ལྷན་ཚོགས་སུ་ཆུ་སྒང་སྒྲིག་གཞིར་བསྐྱར་བཅོས་གནང་ཆོག་པའི་ཆ་རྐྱེན་བསྐྲུན་ཐབས་སྐོར།
གྲོས་ཆོད།
༡༽    མདོ་ཁམས་རྒྱ་ཆེའི་མི་མང་ཡོངས་ནས་རྒྱལ་ཡོངས་འོས་བསྡུ་གནང་སྲོལ་ཡོད་པ་འདི་ཉིད་མུ་མཐུད་རྒྱུན་གནས་དགོས་རྒྱུ་དང༌། ས་གནས་རྒྱུན་ལས་འོས་འདེམས་སོགས་དང་འབྲེལ་བའི་ཐད་སྒྲིག་གཞི་བསྐྱར་བཅོས་དགོས་རིགས་འགན་འཛིན་ལྷན་ཚོགས་ནས་བསྐྱར་བཅོས་ཆོག་པའི་ཐབས་ལམ་བསྐྲུན་རྒྱུ། ༼སྤྱི་མོས།༽
༢༽    སྒྲིག་གཞི་ཁག་ལ་བསྐྱར་ཞིབ་བྱེད་པོའི་ཚོགས་ཆུང་ཞིག་དབུས་རྒྱུན་ལས་ནས་ཆེད་འཛུགས་གནང་སྟེ་སྒྲིག་གཞི་བསྐྱར་ཞིབ་ཚོགས་ཆུང་གི་གྲུབ་དོན་སྙན་ཐོ་དང་རྒྱབ་གཉེར་ཆུ་སྒང་འགན་ལྷན་ཐེངས་ ༤༢    པའི་ཐོག་ངེས་འབུལ་ཐུབ་པ་དགོས་རྒྱུ། ༼སྤྱི་མོས།༽
༣༽    མ་འོངས་པར་རྒྱ་གར་ཕུད་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་འོས་བསྡུའི་གྲུབ་འབྲས་གློག་འཕྲིན་ནང་ Scan གྱི་ལམ་ནས་གཏོང་ཆོག་པའི་ཐབས་ལམ་བསྐྲུན་ཐབས་དང༌། འོས་བསྡུའི་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་ལ་ཁ་གསལ་ཙམ་གཏོང་དགོས་རྒྱུ། ༼སྤྱི་མོས།༽
༤༽    མདོ་ཁམས་ཆུ་བཞི་སྒང་དྲུག་གི་དབུས་རྒྱུན་ནང་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་དམིགས་བསལ་ས་མིག་གཏོད་ཐབས་དགོས་གལ། ༼མང་མོས།༽

གྲོས་གཞི་དོན་ཚན་བཞི་པ།
གོང་གསལ་གྲོས་གཞི་དོན་ཚན་གསུམ་ནང་མ་ཚུད་པའི་སྤྱི་སྨན་དགོངས་འཆར་སྐོར།
གྲོས་ཆོད།
འདི་ལོ་ཕྱི་ཟླ་ ༣ པའི་ནང་བོད་མདོ་སྨད་རྔ་བ་ཀིརྟི་དགོན་གྱི་གྲྭ་བློ་བཟང་ཕུན་ཚོགས་ནས་རྒྱ་གཞུང་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེགས་ཀྱིས་སྐུ་སྲོག་དོར་དགོས་བྱུང་བ་ནས་བཟུང་རྔ་བ་ཀིརྟི་དགོན་གྱི་སྡེ་དགོན་ཡོངས་སུ་རྒྱ་གཞུང་གིས་ཉི་མ་དེ་རིང་ལ་ཐུག་གི་བར་མི་སྤྱོད་ལས་འདས་པའི་དྲག་གནོན་དང་མནར་གཅོད། འཛིན་བཟུང་བཙོན་འཇུག་སོགས་བྱེད་བཞིན་ཡོད་པ་མ་ཟད། ཉེ་ཆར་མདོ་ཁམས་དཀར་མཛེས་དང༌། ཉག་རོང༌། སྡེ་དགེ་རྫ་ཁོག་སོགས་ནས་བོད་མི་རྣམས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་མུ་མཐུད་གནང་བར་དྲག་གནོན་དང་འཛིན་བཟུང༌། མདོར་ན་བོད་ཆོལ་ཁ་གསུམ་གྱི་ས་ཁྱོན་ཡོངས་རྫོགས་སུ་རྒྱ་གཞུང་གིས་མི་ལོ་ ༦༠ ལྷག་དྲག་གནོན་མནར་གཅོད་བྱེད་བཞིན་པར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་དང༌། དེ་བཞིན་གཞིས་བཞུགས་བོད་མི་ཡོངས་ཀྱི་རྒྱལ་གཅེས་ལྷག་བསམ་དང་སྙིང་སྟོབས་ལ་གུས་བཀུར་དང༌། གདུང་སེམས་མཉམ་བསྐྱེད་བཅས་ཞུ་རྒྱུ་ཡིན། ༼སྤྱི་མོས།༽ཅེས་འགོད་ཡོད་པ་དང་།

རྒྱ་གར་ལྷོ་ཕྱོགས་ནས་མོན་གྷོ་གསར་འགོད་པས།

{jcomments on}