དམར་གཞུང་སྲ་བརྟན་གནས་ཆེད་དུ་ཤུགས་རྒྱག་གི་ཡོད་པ་རེད།
ད་ལོ་དམར་ཤོག་ཚོགས་པ་འགོ་བཙུགས་ནས་ལོ་ངོ་༩༠ ཧྲིལ་པོ་འཁོར་གྱི་ཡོད་ཀྱང། དམར་པོའི་སྲིད་གཞུང་བཙུགས་ནས་ལོ་ངོ་༦༢ འཁོར་བ་འདི་ད་ལྟ་སེམས་འཚབ་ངང་གནས་པའི་སྐབས་ཤིག་ཡིན་པ་རེད་ཅེས་དམར་ཤོག་ཚོགས་པའི་ཚོགས་མི་འགའ་ཡིས་བརྗོད་ཡོད་པ་རེད།
རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཀྱི་སློབ་གཉེར་ཁང་ཞིག་གི་འགན་འཛིན་གཞོན་པ་ཀྲུའུ་ཅིན་ཐཱང་གིས་གསར་འགོད་པར་བརྗོད་དོན། ཕྱི་ལོ་༡༩༩༡ ལོར་ཨུ་རུ་སུའི་དམར་པོའི་སྲིད་གཞུང་དབུ་བརྙེས་ནས་ལོ་ངོ་༧༤ འཁོར་ཡོད་པ་དང། ལོ་དེར་དམར་པོའི་སྲིད་གཞུང་མགོ་རྟིང་ལོག་ཡོད་པ་དེས་རྒྱ་ནག་དམར་ཤོག་ཚོགས་པ་ལ་བརྡ་ལན་ཞིག་སྤྲད་ཡོད་པ་དང། དེ་ལས་བསླབ་བྱ་ཡག་པོ་ལེན་ཐུབ་པའི་གནད་དོན་ཞིག་ཀྱང་རེད་ཅེས་བཤད་ཡོད་པ་རེད།
ཡང་ད་དུང་ཁོང་གིས་བརྗོད་དོན། འབྱུང་འགྱུར་གྱི་ལོ་ཟླའི་ནང་རྒྱ་ནག་དམར་ཤོག་ཚོགས་པ་གནས་དང་མི་གནས་དེ་ནི། མི་དམངས་འབྱོར་ལྡན་དང་དབུལ་པོའི་དབར་གྱི་འགལ་ཟླ་རྣམས་གང་མགྱོགས་སེལ་ཐུབ་པ་བྱེད་རྒྱུ་དང། ལྐོག་ཟ་རུལ་སུངས་རྩ་མེད་བཟོས་ཏེ་མི་སེར་རྣམས་ཀྱི་དགོས་མཁོ་དང་བསྟུན་ཏེ་འགྲོ་རྒྱུ་དེ་གཉིས་རེད་ཅེས་བཤད་ཡོད་པ་རེད།
ལོ་རྗེས་མའི་ནང་དུ་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་འཁྲིད་རྣམས་བརྗེ་རྒྱུ་ཡིན་ཞིང། སྲིད་འཛིན་ཧུའུ་ཅིན་ཐའོ་དང་སྲིད་བློན་ཝུན་ཇཱ་པའོ་གཉིས་ཀྱིས་ལོ་བཅུ་ཕྲག་གཅིག་གི་རིང་འགོ་ཁྲིད་པ་དང་ད་ལྟ་དབང་ཆ་འགོ་ཁྲིད་གསར་པ་རྣམས་ལ་རྩིས་སྤྲོད་རྒྱུ་ཡིན་པ་རེད།
ད་ལྟའི་སྲིད་འཛིན་གཞོན་པ་ཞིའི་ཅིང་ཕེང་དམག་དོན་ལྷན་ཁང་གི་དམག་སྤྱི་གཞོན་པར་བསྐོ་བཞག་བྱས་ཡོད་པས་སྲིད་འཛིན་ཧུའུ་ཅིན་ཐའོ་ལས་དུས་རྫོགས་པ་དང་ཞིའི་ཅིང་ཕེང་སྲིད་འཛིན་དུ་བསྐོ་རྒྱུ་ཡིན་པ་མང་ཆེ་བས་ཚོད་དཔག་བྱེད་ཀྱི་ཡོད་པ་རེད། སྔོན་མ་ཏིང་ཞའོ་ཕིང་གིས་ལམ་སྟོན་བྱས་པའི་དཔལ་འབྱོར་བཅོས་བསྒྱུར་གྱི་ཐོག་རྒྱ་ནག་དམར་ཤོག་ཚོགས་པ་མུ་མཐུད་འགྲོ་རྒྱུ་ཡིན་ངེས་ནའང། ཆབ་སྲིད་བཅོས་བསྒྱུར་བྱེད་པ་ལ་ཞེད་སྣང་དང་ལུང་པའི་ནང་དུ་ཟིང་འཁྲུག་འབྱུང་རྐྱེན་ཡོད་པའི་དོགས་ཟོན་ཆེན་པོ་བྱེད་ཀྱི་ཡོད་པ་རེད།
གང་ལྟར་རྒྱ་ནག་དམར་ཤོག་ཚོགས་པས་དམར་པོའི་ལྟ་བ་གཞི་ལ་བཞག་པའི་ཐོག་ནས་རང་གི་ཚོགས་མི་རྣམས་ལ་ཆ་རྐྱེན་མཐུན་འགྱུར་བྱེད་པའི་སྐབས་དེར། རྒྱལ་ནང་དུ་ཟིང་ཆ་མི་ཡོང་བའི་ཆེད་དུ་སྐོར་སྲུང་བ་དང། གོ་མཚོན་ཐོགས་པའི་མི་སེར་དམག་མི། ཁྲིམས་ཁང། བཙོན་ཁང་བཅས་ཚགས་ཚུད་བཟོ་ཆེད་ཨ་སྒོར་དུང་ཕྱུར་༩༥ ལོ་འཁོར་སྔོན་རྩིས་ནང་དུ་གཏོང་གི་ཡོད་པ་རེད། དེའི་རྐྱེན་པས་ད་ལོའི་རྒྱལ་སྲུང་ལོ་འཁོར་སྔོན་རྩིས་ཨ་སྒོར་དུང་ཕྱུར་༩༡ ལས་ཀྱང་མང་བ་ཆགས་ཡོད་པ་རེད།
མའོ་ཙེ་ཏུང་འདས་གྲོངས་སུ་ཕྱིན་པའི་རྗེས་རྒྱ་དམར་སྲིད་གཞུང་གི་ལྟ་སྤྱོད་ལ་ཕྲན་བུ་གུ་ཡང་དུ་ཕྱིན་པ་དང། དེ་སྔ་ཨུ་རུ་སུའི་དམར་པོའི་སྲིད་གཞུང་མགོ་རྟིང་ལོག་པ་ལྟ་བུ་མི་ཡོང་བའི་ཆེད་དུ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་རྣམས་ཀྱིས་དེ་ལས་སློབ་གསོ་ལེན་གྱི་ཡོད་པ་རེད། དམར་ཤོག་ཚོགས་པའི་ཚོགས་མི་བགྲེས་པ་ཚོས་བརྗོད་དོན་དུ། མའོ་ཙེ་ཏུང་གི་དུས་རབས་ལས་ལོགས་སུ་ཐོན་ཏེ་དུས་ཚོད་དང་མཐུན་པའི་མདུན་སྐྱོད་བྱས་ཡོད་པ་དེ་ནི་འོས་ཤིང་འཚམ་པ་རེད་ཅེས་བཤད་ཀྱི་ཡོད་པ་རེད།།