གློག་བརྙན་དེ་བོད་ལ་གཏོང་ཐུབ་པའི་འབད་བརྩོན་ཞུ་རྒྱུ་ཡིན།
གློག་བརྙན་དེ་ནི་བོད་ནང་སྲོལ་རྒྱུན་གྱི་རོལ་དབྱངས་གནས་སྟངས་ཇི་འདྲ་ཡིན་མིན་དང་རྒྱ་མིའི་བཙན་འཛུལ་སླེབས་རྗེས་ཉམས་ཆག་ཇི་ཙམ་ཕྱིན་ཡོད་མེད་སྐོར་ལ་ཉམས་ཞིབ་བྱས་ནས་བཟོས་པ་ཞིག་ཡིན་འདུག ངག་དབང་ཆོས་འཕེལ་གྱིས་ཕྱི་ལོ་༡༩༩༥ ལོར་གློག་བརྙན་དེ་བཟོ་འགོ་བཙུགས་ཀྱང་རྗེས་སུ་རྒྱ་ནག་གཞུང་གིས་གསང་བའི་ཐོག་ཁ་བྲལ་གྱི་ལས་ཀ་བྱེད་ཀྱི་ཡོད་པའི་དོགས་ཟོན་གྱིས་འཛིན་བཟུང་བྱས་ནས་ལོ་༡༨ ཁྲིམས་ཐག་བཅད་ཡོད་པ་རེད།
གློག་བརྙན་དེའི་ནང་བོད་ཀྱི་ས་ཁུལ་འདྲ་མིན་ནང་བོད་མི་རྒན་གྲས་མང་དག་ཅིག་ལ་སྲོལ་རྒྱུན་གྱི་གླུ་གཞས་སྐོར་བཅར་འདྲི་བྱས་པ་དང། བོད་ནང་གི་ཡུལ་ལུང་སོ་སོའི་གླུ་གཞས་ཀྱི་ཁྱད་ཆོས་ག་འདྲ་ཡིན་མིན་མཚོན་ཐབས་བྱས་ཡོད་ཅིང། ཁོང་གིས་གློག་བརྙན་དེ་བོད་ནང་དུ་གཏོང་ཐུབ་པའི་འབོད་བརྩོན་བྱེད་རྒྱུ་ཡིན་སྐོར་ཡང་བརྗོད་སོང།།