བལ་ཡུལ་དུ་མར་མེའི་ཁྲོམ་སྐོར་དང་བོད་མི་བཀག་ཉར།

དེ་ཡང་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་དེ་ཕྱི་ཚེས་ ༢༡ ཉིན་གྱི་དགོང་དྲོར་བལ་ཡུལ་ཏྲེ་ཧོར་སྐྱིད་སྡུག་ནས་གོ་སྒྲིག་བྱས་པ་བརྒྱུད་བོད་མི་བརྒྱ་ཕྲག་ཁ་ཤས་མཉམ་ཞུགས་ཀྱིས་མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར་གྱིི་སྐོར་ལམ་དུ་བསྐྱོད་ཡོད་པ་དང་། ལས་འགུལ་འགོ་བཙུགས་ནས་ཅང་མ་འགོར་བར་བལ་ཡུལ་གྱི་ས་གནས་ཉེན་རྟོག་པ་དང་སྐོར་སྲུང་བ་མི་ཉུང་བ་ཡོང་ནས་བོད་མི་ལས་འགུལ་བ་ཚོའི་ལག་གི་བོད་དང་བལ་ཡུལ་གྱི་རྒྱལ་དར་དང་། ནང་བའི་ཆོས་དར། འཕྲེད་དར་བཅས་བཙན་འཕྲོག་བྱས་ནས་ལས་འགུལ་འགོག་ཐབས་བྱས་ཡོད་པ་རེད། དེ་ལྟར་བོད་མི་ཚོས་རིམ་པས་ཞི་འཇམ་ཐོག་གང་མགྱོགས་ལས་འགུལ་མཚམས་འཇོག་བྱས་ཡོད་ཀྱང་ཉེན་རྟོག་པས་སྐོར་ལམ་ནས་འཇམ་དཔལ་དང་། ཨ་ཡེ་ཟེར་བ་སོགས་བོད་མི་ཁ་ཤས་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག།

སྐབས་དེར་ཉེན་རྟོག་པས་བོད་མི་ཚོའི་ལག་གི་ནང་བའི་ཆོས་དར་འཕྲོག་པར་ས་གནས་ཡུལ་མི་ནང་པ་ཚོས་ཉེན་རྟོག་པའི་བྱེད་སྟངས་ལ་མི་འདོད་པའི་རྣམ་འགྱུར་ཤུགས་ཆེན་བསྟན་ནས་ཁ་འཛིང་བྱས་ཡོད་འདུག།

བལ་ཡུལ་ཏྲེ་ཧོར་སྐྱིད་སྡུག་གི་འབྲེལ་ཡོད་མི་སྣ་ངག་དབང་ནས་ལས་འགུལ་ཐད་བརྗོད་དོན། ད་བར་ལོ་ངོ་དྲུག་ཅུ་ལྷག་གི་རིང་རྒྱ་དམར་གུང་ཁྲན་གྱིས་རང་ཡུལ་གངས་ཅན་པ་ཚོར་གཉའ་གནོན་གདུག་རྩུབ། མི་གསོད་ཁྲག་སྦྱོར་ཚད་ལས་བརྒལ་བ་བྱས་ཡོད་ཐོག ཕྱི་ལོ་ ༢༠༠༨ ལོ་ནས་དམིགས་བསལ་བོད་ནང་དཀའ་ངལ་སྣ་ཚོགས་འཕྲད་བཞིན་པ་མ་ཟད། དེང་སང་ཁམས་དཀར་མཛེས་དང་། ཉག་རོང་། མདོ་སྨད་རྔ་བ་ཀིརྟི་དགོན་པ་བཅས་ལ་རྒྱ་ནག་གིས་ཚད་ལས་བརྒལ་བའི་བཙན་གནོན་དམ་དྲག་བྱེད་བཞིན་པའི་གནས་སྟངས་ཞི་ཐབས་དང་།  བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་མཚོན་བྱེད་ལས་འགུལ་འདི་གོ་སྒྲིག་བྱས་པ་ཡིན། ད་དུང་ཕྱི་ཚེས་ ༢༡ བར་གྱི་ཉིན་གྲངས་ལྔ་རིང་རྒྱལ་བའི་བཀའ་བསྟན་ལྗགས་ཀློག་བྱས་པ་ཡིན་པས། ལས་འགུལ་འདི་བརྒྱུད་ང་ཚོས་རྒྱ་ནག་གཞུང་ལ་བོད་ནང་གི་བོད་མིར་རང་དབང་སྤྲོད་དགོས་པ་དང་། ཉེས་མེད་བོད་མི་རྣམས་གློད་བཀྲོལ་གཏོང་དགོས་བའི་འབོད་སྐུལ་བྱེད་རྒྱུ་ཡིན་ཅེས་བརྗོད་སོང་།
བལ་ཡུལ་གསར་འགོད་པས།

{jcomments on}