པཱ་ཀི་སི་ཐན་གྱིས་རྒྱ་གར་དེ་འཇིགས་སྐུལ་བ་ལས་ཉེན་ཁ་ཆེ་བར་ཟེར།
ཟླ་འདིའི་ཚེས་༢༡ ཉིན་ཨ་རིར་ཡོད་པའི་པིའུ་ཉམས་ཞིབ་ཁང་ཞེས་པའི་ཆབ་སྲིད་ཉམས་ཞིབ་པ་རྣམས་ཀྱིས་མི་མང་ཁྲོད་བསམ་འཆར་བསྡུ་རུབ་བྱས་པ་རྣམས་འགྲེམས་སྤེལ་བྱས་པའི་ནང། བརྒྱ་ཆ་༡༤% ཡིས་བྷིན་ལ་དྷན་བསད་པ་དེ་ཡག་པོ་བྱུང་ཞེས་བརྗོད་ཀྱི་ཡོད་པ་དང། བརྒྱ་ཆ་༡༢% ཙམ་གྱིས་བྷིན་ལ་དྷན་གྱིས་འགོ་ཁྲིད་པའི་འཇིགས་སྐུལ་རིང་ལུགས་པའི་སྒྲིག་འཛུགས་ཨལ་ཁེ་དྷ་དེ་ཡག་པོ་རེད་ཅེས་བརྗོད་ཀྱི་ཡོད་པ་རེད།
ཨབ་གྷ་ནི་སི་ཐན་དང་པཱ་ཀི་སི་ཐན་གཉིས་ནས་ཏཱ་ལི་བྷན་འཇིགས་སྐུལ་ཚོགས་པ་ལ་བརྒྱ་ཆ་༡༢% ཁོ་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། ཡིན་ནའང་རྒྱབ་སྐྱོར་བྱེད་མཁན་གྱི་བརྒྱ་ཆ་དེ་གོང་བཞིན་ཉུང་དུ་འགྲོ་ཡི་ཡོད་པ་རེད་འདུག ཕྱི་ལོ་༢༠༠༨ ལོར་རྒྱ་གར་མུམ་བྷེ་གྲོང་ཁྱེར་དུ་འཇིགས་སྐུལ་དྲག་སྤྱོད་ཚོགས་པ་ལྰཤ་ཀར་ཨེ་ཏ་ཨི་བྰ་ཚོགས་པ་ལ་པྰ་ཀི་སི་ཐན་ནང་དུ་རྒྱབ་སྐྱོར་བྱེད་མཁན་ཤུགས་ཆེན་པོ་ཡོད་པ་རེད། ད་ལྟའི་ཚད་གཞི་ལ་གཞིག་ན། བརྒྱ་ཆ་༢༧% ཡིས་ཚོགས་པ་དེ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད།
པིའུ་ཉམས་ཞིབ་ཁང་གིས་པཱ་ཀི་སི་ཐན་ནང་དུ་བསམ་འཆར་བསྡུ་རུབ་ཐེངས་གཉིས་བྱས་ཡོད་པ་དེ་དག་ལ་གཞིག་ན། པཱ་ཀི་སི་ཐན་གྱི་དགྲ་བོ་རྙིང་པ་ཡིན་པའི་རྒྱ་གར་དེ་ཉེན་ཁ་ཆེ་བར་མཐོང་ཚུལ་བརྗོད་མཁན་ལོ་ལྔའི་གོང་གི་བརྒྱ་ཆ་༥༠% ཡིན་པ་ལས་འཕར་ཏེ་ད་ཆ་བརྒྱ་ཆ་༧༠% སླེབས་ཟིན་ཡོད་པ་རེད། འོན་ཀྱང་བརྒྱ་ཆ་༧༠% ཡིས་རྒྱ་གར་དང་འབྲེལ་ལམ་བཟང་དུ་བཏང་སྟེ་ཚོང་འབྲེལ་སོགས་བྱས་ན་ཁེ་སང་ཡོད་པར་བརྟེན། ལུང་པ་ཕན་ཚུན་གཉིས་བར་མུ་མཐུད་དེ་གྲོས་མོལ་བྱེད་རྒྱུ་ནི་གལ་འགངས་ཆེན་པོ་ཡིན་པར་དངོས་འཛིན་བྱེད་ཀྱི་ཡོད་པ་རེད།
རྒྱ་གར་ལ་ཆ་བཞག་ནའང་དེ་མཚུངས་ཡིན་ཏེ། བརྒྱ་ཆ་༦༥% ཡིས་པཱ་ཀི་སི་ཐན་དེ་ཉེན་ཁ་ཆེ་བ་དང། བརྒྱ་ཆ་༡༩% ཡིས་འཇིགས་སྐུལ་ཚོགས་པ་ལྰཤ་ཀར་ཨེ་ཏ་ཨི་བྰ་དང། བརྒྱ་ཆ་༡༦% ཡིས་རྒྱ་གར་དམར་ཤོག་མའོ་ཚོགས་པ་ཉེན་ཁ་ཆེ་བ་མཐོང་གི་ཡོད་པ་རེད། འོན་ཀྱང་རྒྱ་གར་གྱི་མི་མང་ཆེ་བས་པཱ་ཀི་སི་ཐན་དང་འབྲེལ་ལམ་བཟང་དུ་བཏང་ན་ཕན་ཚུན་ལ་ཚོང་གི་ཁེ་སང་ཆེན་པོ་ཡོང་གི་ཡོད་པར་བརྗོད་ཀྱི་ཡོད་འདུག །